༄༅། །སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་གྱ་བ་འབྲོང་ངུར་པ་རིམ་པར་བྱོན་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པར་འདྲེན་པའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ།།

༄༅།  །སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་གྱ་བ་འབྲོང་ངུར་པ་རིམ་པར་བྱོན་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པར་འདྲེན་པའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ།།

                                                          རྩོམ་པ་པོ་ཝ་ཐང་དབུ་རྒན་དམ་ཆོས།

 རྩ་བརྒྱུད་བླ་མ་རྒྱལ་བ་རྒྱ་མཚོ་དང་། །རིགས་གསུམ་སེམས་དཔའི་རྣལ་རོལ་འབྲོང་ངུར་པ། །

ཚེ་རབས་ཀུན་ཏུ་ཡིད་ཀྱི་འོ་མཚོར་རོལ།། མཆོག་མཐུན་དངོས་གྲུབ་སྩོལ་ལ་བཀའ་གནང་སྩོལ། །

ཅེས་རྗེ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་པ་དཔག་ཏུ་མེད་པ་དང་སྐྱེས་རབས་ཀྱི་དབང་དུ་བྱས་ན་སངས་རྒྱས་མར་མེ་མཛད་ཀྱི་སྐབས་ནས་ཉ་པའི་བུ་ཆུང་སྤང་ལེབ་འཛིན་སོགས་བྱང་སེམས་ཀྱི་རྣམ་རོལ་གྲངས་ལས་འདས་པ་དང་། བདག་ཅག་གི་སྟོན་པའི་སྤྱན་སྔར་བྲམ་ཟེ་ཧ་ལུ་པ་སོགས་དང་། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ལོ་ཙཱ་བ་སྭ་ཡེ་ཤེས་སྙིང་པོའི་སྐྱེ་བ་བཞེས་ཤིང་། ཞི་ཁྲོ་ཕུར་གསུམ་མན་ངག་དང་བཅས་པ་གུ་རུ་རིན་པོ་ཆེ་ལས་ཞུས་ནས་སྐྱེ་བ་བརྒྱ་དང་བརྒྱད་བར་འགྲོ་བའི་དོན་བགྱིད་དགོས་པར་གུ་རུ་རིན་པོ་ཆེས་ལུང་བསྟན་པ་སོགས་དཔག་ཏུ་མེད་པ་ལས། འདིར་དཔལ་སྒྲུབ་བརྒྱུད་ཀྱི་སྙིང་པོ་གྱ་བ་གངས་པ་རིན་ཆེན་འོད་ཟེར་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྐྱེ་བ་བཞེས་པ་ནས་བཟུང་འབྲོང་ངུར་ཆོས་རྗེ་ཞེས་སྐུ་ཕྲེང་རིམ་པར་བྱོན་པ་དག་གི་རྣམ་ཐར་ཉུང་ངུ་རྣམ་གསལ་བྱས་ཏེ་དགོད་པ་ཡིན་ནོ། །

 

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་འགྲོ་མགོན་གངས་པ་ནི།

དེ་ཡང་། ཤང་གི་གྱ་བ་ཞེས་པའི་འབྲོག་སྡེར། གདུང་ཁྱུང་པོ། ཡབ་ནི་གསང་སྔགས་རྙིང་མའི་རྣལ་འབྱོར་རྡོ་རྗེ་ཕུར་པ་ལ་ཡི་དམ་བྱེད་མཁན་ཕུར་པ་ལྷ་ནག་གི་གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད་པར་རྒྱུན་མར་བྱོན་པའི་རིགས་ཀྱི་ཡབ་ཁྱུང་པོ་ཇོ་ནག་ཞུ་བ་དང་། ཡུམ་རིགས་བཟང་གི་ཌཱ་ཀི་མ་བདེ་སྐྱོང་མཚོ་ཞེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཤིང་ལུག་ལོར་ངོ་མཚར་དུ་མ་བཅས་སྐུ་བལྟམས། ཇོ་སྲས་དངོས་གྲུབ་དཔའ་བ་ཞེས་པའི་མཚན་བསྩལ། དྭགས་པོ་འདུལ་འཛིན་ལས་རབ་ཏུ་བྱུང་བས་རིན་ཆེན་འོད་ཟེར་ཞེས་མཚན་གནང་།

ཆུང་ངུ་ནས་ཡི་གེ་འབྲི་ཀློག་ལེགས་པར་མཁྱེན། ཁ་ཆེ་པཎ་ཆེན་ལས་ཚད་མའི་སྐོར་སོགས་གཞུང་ལུགས་དུ་མ་མཁས་པར་བསླབས། ཡབ་ལས་རྩ་རྒྱུད་གསང་བ་སྙིང་པོ་དང་། ཡབ་ཆོས་མ་ལུས་ལེགས་པར་ཁོང་དུ་ཆུད་པར་གསན། བསམ་ཡས་དང་། མཆིམས་ཕུ། བྲག་ཡང་རྫོང་སོགས་རིག་འཛིན་མ་ཧ་གུ་རུའི་སྒྲུབ་གནས་རྣམས་སུ་ཕེབས་ཤིང་ཡི་དམ་རྡོ་རྗེ་གཞོན་ནུ་རྩེ་གཅིག་ཏུ་བསྒྲུབས་པས་འཁོར་འདས་དག་མཉམ་དབྱེར་མེད་ཀྱི་ལྟ་དགོངས་མངོན་དུ་གྱུར། ལོ་ཆེན་ཡེ་ཤེས་སྙིང་པོའི་སྐྱེ་བ་གསལ་པོར་དྲན། རིན་པོ་ཆེ་ཀརྨ་པ་དུས་གསུམ་མཁྱེན་པ་ཇོ་མོ་སྒང་ལ་བཞུགས་དུས་མཇལ་ཞིང་བཀའ་བརྒྱུད་པའི་དབང་དང་གདམས་ངག་མ་ལུས་ཞུས་པས་ཐུགས་ངེས་ཆེན་པོར་འཁྲུངས།

ཇོ་མོ་གངས་ཀྱི་ཕ་བོང་དཀར་ལེབ་ཕུག་ཏུ་སྒྲུབ་པ་ཡུན་རིང་བཞུགས་པས་གངས་དཀར་པ་ཞེས་པའི་སྙན་གྲགས་རྒྱས། དགུང་གྲངས་ཉེར་གསུམ་ས་ཟླའི་ཚེས་བཅུའི་ཉིན་སྒྲུབ་ཁང་སྒོར་འབྲོང་དཀར་པོ་གཞན་ལས་ཁྱད་དུ་འཕགས་པ་ཞིག་གིས་ངུར་སྒྲ་བཅས་བརྡུངས་པའི་རྗེས་སུ་བསྙེགས་ཏེ་ཟངས་མདོག་དཔལ་རིའི་གཟིགས་སྣང་བཀའ་འབུམ་ནང་མཇལ་རྒྱུ་ཡོད་པ་ལྟར་ངོ་མཚར་དཔག་ཏུ་མེད། དེར་ཡི་དམ་བདེ་མཆོག་དང་ཕག་མོ་སོགས་ཀྱི་ཞལ་ཡང་ཡང་གཟིགས། རྗེ་འབྲོང་ངུར་པ་ཞེས་པའི་མཚན་དེ་ནས་ཐོགས།

དགུང་གྲངས་ཉེར་ལྔའི་སྟེང་མཚུར་ཕུར་ཕེབས་ཏེ་ལོ་དྲུག་རིང་སྨྲ་བཅད་དང་སྒྲུབ་ཚུགས་བཟུང་བས་དུས་གསུམ་མཁྱེན་པ་དང་སྤངས་རྟོགས་རྣམ་དབྱེར་མེད་པར་གྱུར། སྔ་ཕྱིར་ལྷོ་ལ་ཡག་པ་དང་། རྗེ་བཙུན་གྱི་ཐུགས་སྲས་རྫི་བོ་རས་པ་སོགས་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་ཏེ་གསན་བསམ་རྒྱ་མཚོའི་ཕ་མཐར་སོན་ཅིང་། དགེ་བའི་བཤེས་གཉེན་ནམ་མཁའ་དང་མཉམ་པ་ཞིག་ཏུ་གྱུར། དགུང་གྲངས་སོ་དགུའི་སྟེང་གྱ་བ་འབྲོང་ངུའི་དགོན་རྙིང་བཏབ་སྟེ་ལོ་གཉིས་རིང་བཞུགས་ཤིང་སྐལ་ལྡན་ལ་སྨིན་ཁྲིད་རྒྱ་ཆེར་གནང་།

ཞེ་བཞི་ལ་འོག་མིན་མཚུར་ཕུར་དུས་གསུམ་སངས་རྒྱས་ཀརྨ་པ་ཆེན་པོའི་ཆོས་ཀྱི་གདན་སའི་ཁྲི་རབས་ལོ་དྲུག་བར་གནང་། གདན་ས་དར་རྒྱས་དང་ཆོས་འཁོར་རྒྱ་ཆེར་བསྐོར། ཀརྨ་པཀྵི་རིན་པོ་ཆེའང་ཆོས་ཀྱི་མནྜལ་འབུལ་གནང་མཛད། དགུང་ལོ་ལྔ་བཅུའི་ཐོག་འབྲོང་བུ་དགོན་གསར་བཏབ།  ང་བཞིའི་ཐོག་སྐུ་འཁོར་ཉུང་ངུ་བཅས་བྱང་གི་གནམ་མཚོར་ཕེབས་ནས་སྐུ་མཚམས་བཞུགས།

རིམ་བཞིན་ནགས་སོག་དང་ཤག་ཆུའི་རྒྱུད་ཕེབས་ཏེ། གདུལ་བྱ་བགྲང་དཀའ་བ་མངོན་མཐོ་དང་ངེེས་ལེགས་ཀྱི་སར་བཀོད་པར་མཛད། དགུང་གྲངས་ང་བདུན་སྟེང་ཙན་དན་དགོན་བཏབ་ཅིང་ཆོས་འཁོར་རྒྱ་ཆེར་བསྐོར། མེ་མོའི་ཕུག་ནས་ས་འོག་བརྒྱུད་ཝ་ཐང་མདོའི་བྲག་འོག་ནས་ཐོན། རྡོ་ཕ་ཝང་ལ་ཕྱག་ཞབས་རྗེས་བཀོད། སེ་ཁྲའི་སྒྲུབ་གནས་བྱིན་གྱིས་བརླབས།

དགུང་གྲངས་དོན་ལྔའི་སྟེང་ཐུགས་བསྐྱེད་དུས་སུ་སྨིན་པ་དང་། སློབ་དཔོན་མ་ཧཱ་གུ་རུའི་ལུང་བསྟན་དང་དུས་བབས་ཀྱི་རྟེན་འབྲེལ་བསླུ་བ་མེད་པར་བརྟེན་ཝ་ཐང་སུམ་མདོར་ཞི་ཁྲོ་ཕུར་གསུམ་གྱི་སྒྲུབ་སྡེ་ཕྱག་བཏབ་ནས་བྱང་གླིང་དཔལ་འབར་གླིང་ཞེས་པའི་མཚན་གནང་།  དགེ་འདུན་སྟོང་ཕྲག་ཙམ་འདུས་པར་སྙིང་པོ་དོན་གྱི་གདམས་ཁྲིད་གདུལ་བྱའི་བློར་འཚམས་པའི་ཆོས་སྒོ་ཇི་སྙེད་ཅིག་གནང་བས་རྒྱལ་བའི་བསྟན་པ་སྤྱི་དང་དྭགས་བརྒྱུད་རིང་ལུགས་འཕེལ་ཞིང་། དུས་སྐབས་དེར་ནགས་སོག་ཤག་གསུམ་བརྒྱུད་འདིེར་བཀའ་བརྒྱུད་ཀྱི་རིང་ལུགས་ཀྱིས་ཁྱབ་པ་དང་། སྒྲུབ་པའི་རྒྱལ་མཚན་འཆང་བ་རི་སུལ་ཀུན་ཏུ་ (འདི་ནས་མ་དཔེ་ལྡེབ་གཅིག་མི་འདུག་པས་ཆད་) གཙུག་ལག་ཁང་གསར་བཞེངས་མ་ཐུབ་བར་བཞུགས་ཁྲི་ལུང་གི་ཆོས་ཁྲིར་བཞུགས་ནས་ཟབ་པ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་གནང་མཛད། (མ་དཔེར་མི་གསལ) དུས་གསུམ་མཁྱེན་པ་དང་སྤངས་རྟོགས་མཉམ་པ། འོག་མིན་མཚུར་ཕུའི་གདན་ས་མཛད་པ། ལུས་མ་སྤངས་པར་ཟངས་མདོག་དཔལ་རིར་ཕེབས་པ།  སྒྲུབ་བརྒྱུད་ཕྱོགས་མཐར་སྤེལ་བ། སྒྲུབ་པ་ནན་ཏན་གནང་བ། རྗེ་རིན་པོ་ཆེའི་མཛད་ཆེན་བཞི་འདི་ཡིན་ཞེས་ཕུར་དགའ་བླ་མས་གསུངས་འདུག་ཀྱང་རྣམ་ཐར་ཆེན་མོ་དང་འདྲེན་ཚུལ་མི་མཐུན་པས་དཔྱད་དགོས། སྐུ་འདིའི་བསྟན་འགྲོའི་དོན་མཐའ་དག་ཟིན་ནས་རབ་བྱུང་བཞི་པའི་ས་ལུག་དགུང་གྲངས་གྱ་བཞིའི་ལོར་གྱ་བ་འབྲོང་ངུར་པའི་གདན་ས་ཝ་ཐང་མདོར་ཞི་བར་གཤེགས། སྐུ་གདུང་རིན་པོ་ཆེ་སོག་ཏུ་གདན་དྲངས་ཤིང་དུས་ད་ལྟའང་མཇལ་རྒྱུ་ཡོད། བར་སྐབས་བསྟན་པ་ཉམས་དམའ་བའི་སྐབས་བཀའ་འབུམ་རྣམས་འཐོར་གྱར་སོང་འདུག་ཀྱང་རྗེ་བླ་མའི་བཀའ་བཞིན་ངེད་ནས་འཚོལ་སྡུད་དང་འབྲི་བཞེངས་བྱས་པ་པོད་དྲུག་གི་བདག་ཉིད་ཅན་ཞིག་གདུལ་བྱའི་བསོད་རྣམས་རྟེན་དུ་བཞུགས་སོ།།

 

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་གཉིས་པ་གྲགས་པ་རྒྱལ་པོ་ནི།

རབ་བྱུང་བཞི་པའི་ལྕགས་སྤྲེལ་ལོར་ཤག་རོང་མཐའ་ཁང་དུ་ཡབ་དྲི་མེད་དང་། ཡུམ་ཀུན་གསལ་བྱ་བ་གཉིས་ཀྱི་སྲས་སུ་ངོ་མཚར་རྟགས་བཅས་སྐུ་བལྟམས། སྨྲ་ཤེས་ཙམ་ནས་ང་འབྲོང་ངུར་ཞལ་ཤེལ་ཡིན་སོགས་སྔོན་གནས་དྲན་པའི་གསུང་ཡང་ཡང་བྱོན་ཀྱང་། ཡབ་ཡུམ་འབྱོར་པ་ཞན་པས་མི་ཚོས་དོ་སྣང་ཆེར་མ་བྱས། ཆུང་ངུ་ནས་གྲོང་སྔགས་ཞིག་ལས་ཡི་གེ་འབྲི་ཀློག་བསླབས་ཏེ་མཁས་པར་གྱུར། དགུང་གྲངས་དགུ་ཙམ་ནས་མདོ་སྡེ་བསྐལ་བཟང་དང་བརྒྱད་སྟོང་སོགས་བཀླག་པར་ཐོགས་པ་མེད་ཅིང་གྲོང་ཆོག་འགྲོ་ནུས་པས་མི་ཀུན་ཡ་མཚན་བྱེད།

དགུང་གྲངས་བཅུ་གསུམ་སྟེང་མེ་མོ་རོང་སྐོར་ཕེབས་ཤིང་སྐོར་ལམ་ཕ་བོང་དྲུང་དུ་མི་ཚོགས་མང་པོ་མཉམ་དུ་མཇལ་སྐབས་གྲྭ་རྒན་དབུ་དཀར་པོ་ཅན་སྐུ་གཟུགས་ཧ་ཅང་ཆེ་བ་ཞིག་གིས་གར་མཛད་བཞིན་ང་ཁྱོད་རང་ཡིན་པས་ཁྱོད་ཀྱིས་ང་མཐོང་བ་རེད་ཅེས་སྐུ་ལུས་ལ་ཐིམ་པའི་སྣང་བ་ཤར་ཞིང་བདེ་གསལ་མི་རྟོགས་ཀྱི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས།

རྗེ་འབྲི་གུང་པའི་སློབ་མ་སྒོམ་ཆེན་བཟང་པོ་ཞིག་ལས་ཕྱག་རྒྱ་ཆེན་པོའི་ཁྲིད་དང་མན་ངག་འགའ་ཡང་ཞུས། མེ་མོ་སྐོར་བརྒྱ་བསགས། མཁའ་འགྲོའི་ཕུག་ཏུ་ཟླ་བ་བདུན་རིང་རྒྱལ་བ་གངས་དཀར་པའི་དངོས་སློབ་ཅིག་ལས་ཁྲིད་ལུང་སྣ་ཚོགས་ཞུས་ནས་བཞུགས།

དགུང་གྲངས་ཉི་ཤུའི་ནང་ཝ་ཐང་དུ་ཕེབས་ནས་འདུལ་འཛིན་བསོད་རྒྱ་ལས་རབ་ཏུ་བྱུང་ཞིང་གྲགས་པ་རྒྱལ་པོ་ཞེས་པའི་མཚན་གནང་། སངས་རྒྱས་རིན་སྲུང་ལས་གདམས་པ་དུ་མ་དང་། རྒྱལ་བ་གངས་པ་ལས་བརྒྱུད་པའི་ཐུན་མིན་གྱ་བ་འབྲོང་ངུར་པའི་ཞི་ཁྲོ་ཕུར་གསུམ་དབང་ལུང་མན་ངག་ཡོད་དོ་ཅོག་ཞུས་ཏེ། ལོ་ཧྲིལ་པོ་བདུན་རིང་ཕུར་པ་ཁོ་ན་བསྒྲུབས་པས་ཞལ་གཟིགས་དང་ལུང་བསྟན་དུ་མ་བྱུང་། ཉམས་རྟོགས་ཀྱི་རྩལ་རྫོགས།

དགུང་གྲངས་སོ་དྲུག་སྟེང་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་གངས་དཀར་པ་རིན་ཆེན་འོད་ཟེར་གྱི་ཆོས་ཁྲིར་མངའ་གསོལ། ཞི་ཁྲོའི་དཀྱིལ་འཁོར་རྒྱུད་གཞུང་དང་མཐུན་པར་བཞེངས། གཙུག་ལག་ཁང་གསར་བཞེངས་དང་། རྟེན་གྱི་གཙོ་བོ་བཅོམ་ལྡན་རྡོ་རྗེ་སེམས་དཔའི་སྐུ་གསེར་ཟངས་ལས་གྲུབ་པ་ཞིག་བཞེངས། རྒྱལ་བ་གངས་པའི་གཟིགས་སྣང་ལས་བྱུང་བ་ལྟར་གྱི་ཟངས་མདོག་དཔལ་རིའི་ཞིང་བཀོད་ངོ་མཚར་ཅན་དང་། ཕུར་པ་ལྷ་ཁང་། ཞི་ཁྲོ་ལྷ་ཁང་སོགས་བཞེངས། ཆོ་འཕྲུལ་ཟླ་བའི་ནང་འབྲོང་ངུར་དོང་སྤྲུགས་ཆེན་མོ་ཞེས་དུས་ད་ལྟའང་ཡོད་པའི་སྒྲུབ་ཆེན་འདིའི་སྲོལ་གསར་དུ་བཙུགས། མར་པ་དང་། མི་ལ། ཆོས་རྗེ་སྒམ་པོ་པ། རྗེ་དུས་གསུམ་མཁྱེན་པ། མཐུ་སྟོབས་དབང་ཕྱུག་རྒྱལ་བ་གངས་པ་སོགས་ཀྱི་སྐུ་བཞེངས་ནས་བྱིན་འབེབས་སྐབས་ཡེ་ཤེས་པ་དངོས་སུ་ཕེབས་པའི་མཚན་མ་བྱུང་།

རབ་བྱུང་ལྔ་པའི་ཤིང་གླང་ལོར་ཟུག་རྔུ་གང་ཡང་མེད་པར་ཞི་བར་གཤེགས། སྐུ་གདུང་བཞུས་པའི་རིང་བསྲེལ་ངོ་མཚར་ཅན་དུ་མ་འཁྲུངས་པ་ཞལ་ཆེམས་ལྟར་མཆོད་རྟེན་ཆ་བརྒྱད་བཞེངས་པ་ཕྱིས་སུ་བོད་སོག་གི་འཁྲུགས་ཟིང་སྐབས་གཏོར། རང་རྣམ་བསེ་རུ་འདི་ལས་གསུང་གཞན་ད་ལྟར་མཇལ་དུ་མེད།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་གསུམ་པ་ཁྱུང་སྟོན་འོད་པོ་ནི།

རབ་བྱུང་ལྔ་པའི་མེ་སྟག་ལོར་མདའ་རྒྱངས་ཕུ་རུ་ཡབ་ཀུན་བཟང་བདེ་ཆེན་དང་། ཡུམ་སྒྲོལ་མའི་རྣམ་འཕྲུལ་དཔལ་མོ་ཞུ་བ་གཉིས་ཀྱི་སྲས་སུ་སྐུ་བལྟམས་མ་ཐག་བཛྲ་ཀི་ལ་ཡ་གསུངས། བྱིས་དུས་ནས་ཡི་གེ་འབྲི་ཀློག་བསླབས་པ་ཚེགས་མེད་པར་མཁྱེན། ཕྱུགས་འཚོ་རུ་ཕེབས་སྐབས་ཕུར་པའི་བསྙེན་པ་དབྱངས་སྙན་མོར་འགུག་པ་དང་སྒོམ་རྒྱག་པ་སོགས་བྱིས་སྤྱོད་ལས་འདས་པའི་མཛད་པ་བསྐྱངས། དགུང་གྲངས་བཅུ་གཉིས་ཐོག་ཝ་ཐང་མདོར་ཕེབས་ནས་མཁས་གྲུབ་ནོར་བུ་རྒྱལ་མཚན་དྲུང་ནས་རབ་ཏུ་བྱུང་། ཁྱུང་སྟོན་འོད་པོ་ཞེས་པའི་མཚན་བསྩལ། སྐྱ་མིང་རྡོ་རྗེ་རྒྱལ་མཚན་ཞེས་ཞུ། གྲུབ་ཆེན་ཉི་མ་དང་མཁན་པོ་སངས་རྒྱས་སོགས་ལས་རྗེ་གངས་དཀར་པ་རིན་ཆེན་འོད་ཟེར་ལས་བརྒྱུད་པའི་བཀའ་བརྒྱུད་ཀྱི་ཆོས་བཀའ་དུ་མ་ཞུས། མཁས་བཙུན་རིན་ཆེན་རྒྱལ་མཚན་ལས་འབྲོང་ངུར་པའི་ཡབ་ཆོས་རྣམས་ཞུས། དགུང་གྲངས་དེ་ག་ལ་ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་ལས་ཕག་མོ་དང་། བདེ་མཆོག་སོགས་སྨིན་གྲོལ་དུ་མ་ཐོབ། དགུང་གྲངས་ཉེར་གཅིག་སྟེང་ཞྭ་དམར་གྲགས་པ་སེང་གེ་ལས་བསྙེན་རྫོགས་སྡོམ་པ་ཞུས། གནས་ནང་རི་ཁྲོད་དང་། འོག་མིན་མཚུར་ཕུ་སོགས་སུ་ཕེབས་ནས་དམ་པའི་ཆོས་དཔག་ཏུ་མེད་པར་གསན། ཆོས་རྗེ་རིན་པོ་ཆེ་གངས་དཀར་པའི་སྒྲུབ་གནས་སུ་ཕེབས་ནས་སྒྲུབ་པ་ཡུན་རིང་བཞུགས། འབྲོང་བུ་དགོན་རྙིང་དང་དགོན་གསར་ལ་ཕེབས་ནས་ཉམས་གསོ་གང་ལེགས་མཛད། གངས་པ་རིན་ཆེན་འོད་ཟེར་གྱི་སྐུ་ཉིད་ཀྱི་ཕྱག་གནས་མ་དེ་མཇལ་བས་རྟོགས་པ་ཁྱད་པར་ཅན་དུ་མ་ཐུགས་ལ་འཁྲུངས། དགུང་གྲངས་སོ་དགུའི་ཐོག་ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེའི་ལུང་བཞིན་ཝ་ཐང་དུ་འབྲོང་ངུར་ཆོས་རྗེ་གངས་པའི་ཆོས་ཁྲིར་ཕེབས།

རབ་བྱུང་དྲུག་པའི་ས་སྤྲེལ་ལོར་མེ་མོ་རོང་སྐོར་ཕེབས་ཏེ་ཚོགས་འཁོར་རྒྱ་ཆེར་མཛད། གྱ་པའི་གདུང་རིན་པོ་ཆེ་སོགས་ཀྱིས་གསོལ་འདེབས་བཞིན། སོག་ཟམ་ཁར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་གནང་། ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་སོགས་ལས་ཆོས་བཀའ་མང་དུ་གསན། སྐུ་ཚེ་ཕལ་ཆེར་སྐུ་མཚམས་ཁོ་ནར་བཞུགས། བཀའ་འགྱུར་དང་བསྟན་འགྱུར་། བཀའ་བརྒྱུད་གོང་མའི་གསུང་རབ་བླུས་ཏེ་དགོན་པར་གདན་དྲངས་པ་སོགས་མཛད་པ་དཔག་ཏུ་མེད་པ་བསྐྱངས། དེ་ལྟར་བསྟན་འགྲོའི་དོན་ལེགས་པར་གྲུབ་ནས་རབ་བྱུང་བདུན་པའི་ས་སྦྲུལ་ལོར་སྐུ་ཞི་བར་གཤེགས་སོ།།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཞི་པ་གུ་ཤྲཱི་ལྷུན་གྲུབ་རྒྱལ་མཚན་ནི།

རབ་བྱུང་བདུན་པའི་ཆུ་སྤྲེལ་ལོར་དཔལ་ལྡན་གྱ་བ་འབྲོང་ངུར་པ་ཆེན་པོའི་གདུང་རྒྱུད་སོག་འབྲོང་ངུར་བླ་བྲང་དུ་ཡབ་སྐྱོང་བླ་རྒྱལ་མཚན་དང་ཡུམ་ནོར་སྐྱིད་གཉིས་ཀྱི་སྲས་སུ་གོང་མ་རིམ་པའི་ཐུགས་བསྐྱེད་དུས་ལས་མ་གཡོལ་བར་བསམ་བཞིན་སྐྱེ་བ་བཞེས། ཆུང་ངུ་ནས་གོང་མའི་སློབ་མ་རྣམས་ཀྱིས་ངོས་བཟུང་སྟེ་སོག་འབྲོང་ངུར་དགོན་དུ་མངའ་གསོལ། རབ་བྱུང་བཅུ་བདུན་པའི་ཆུ་ལུག་ལོར་ཝ་ཐང་འབྲོང་ངུར་དགོན་དུ་གདན་དྲངས། གླིང་རས་འོད་ཟེར་རྒྱལ་མཚན་ལས་རབ་ཏུ་བྱུང་བས་ཁྱུང་སྟོན་ལྷུན་གྲུབ་རྒྱལ་མཚན་ཞེས་པའི་མཚན་བསྩལ། ཡི་གེ་འབྲི་ཀློག་སོགས་ཕྱི་ནང་རིག་གནས་དཔག་ཏུ་མེད་པར་སྦྱངས། གཞན་ཡང་མཉམ་མེད་རིན་ཆེན་ལྷུན་པོ་དང་། མཁས་བཙུན་བུདྡྷ་རཏྣ། གྲུབ་ཆེན་ཀུན་བཟང་རིག་འཛིན་སོགས་ལས་ཟབ་ཆོས་དུ་མ་ཞུས། ཆོས་སྐུ་རིན་ཆེན་བཟང་པོ་ལས་ཡབ་ཆོས་ཞི་ཁྲོ་ཕུར་གསུམ་གྱི་དབང་ལུང་མན་ངག་ཐམས་ཅད་ཚུལ་བཞིན་གསན་ནས་ཉམས་བཞེས་མཛད་པས་རྟོགས་པ་ཁྱད་པར་ཅན་དུ་མ་ཐུགས་ལ་འཁྲུངས།

      མཚུར་ཕུར་ཕེབས་ནས་རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ནས་ཆོས་ཀྱི་བདུད་རྩི་ངོམ་པ་མེད་པར་བཏུངས། གནས་ནང་། འབྲོང་ཕུ་(བུ)དགོན་གསར་རྙིང་། དཀར་ལེབ་ཕུག་སོགས་བཀའ་བརྒྱུད་གོང་མའི་སྒྲུབ་གནས་རྣམས་སུ་ཉམས་བཞེས་གནང་། མདོ་སྔགས་ཀུན་ལ་མཁྱེན་རབ་ཀྱི་རྩལ་རྒྱས། རྟོགས་པ་ཀློང་ནས་བརྡོལ་བས་དུས་གསུམ་སངས་རྒྱས་ཀརྨ་པ་དེ་བཞིན་གཤེགས་པའི་སྐུ་བཅར་བླ་མ་རྣམ་གསུམ་གྱི་གྲལ་དུ་བཀུར། རྒྱལ་བ་ཀརྨ་པ་དེ་བཞིན་གཤེགས་པ་ལྷན་དུ་རྒྱ་ནག་ཏུ་ཕེབས། གོང་མ་ཏཱ་མིང་རྒྱལ་པོས་གསེར་དངུལ་དང་དར་ཟབ་ཀྱི་དངོས་པོ་དཔངས་སྟུག་པ་དང་གུ་ཤྲཱིའི་ཆོ་ལོ་ཤེལ་གྱི་ཐོ་ཤུ་ཅན་ཕུལ་བས་འབྲོང་བུ་གུ་ཤྲཱི་ཞེས་སྙན་གྲགས་ཕྱོགས་ཀུན་ཁྱབ། རྒྱ་སོག་དང་། འཇང་། བོད་སོགས་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་འགྲོ་བ་དུ་མའི་རྒྱུད་ཆོས་ཀྱིས་སྨིན་པར་མཛད། ཐུན་མོང་གི་སྣང་ངོར་ལུགས་གཉིས་ཀྱི་མཛད་པ་དང་འཕྲིན་ལས་འདི་ལས་ཆེ་བ་སྐུ་ཕྲེང་ཐམས་ཅད་ལ་མ་བྱུང་བ་ལྟ་བུར་འདུག

ཞྭ་དམར་ཆོས་དཔལ་ཡེ་(ཤེས་)ནས་ལས་རྒྱལ་བ་རྒྱ་མཚོ་དང་བེར་ནག་ཅན་སོགས་དུ་མ་ཞུས། ཞྭ་དམར་ནག་ཅོད་པན་འཆང་བ་གཉིས་རྩ་བའི་བླ་མ་རུ་འཛིན། རབ་བྱུང་བདུན་པའི་ཤིང་སྟག་ལོར་ཙན་དན་དགོན་དུ་དགེ་འདུན་སྟོང་གཉིས་ལྷག་ཤོང་བའི་ལྷ་ཁང་ངོ་མཚར་ཅན་གསར་བཞེངས་གྲུབ་པའི་དགའ་སྟོན་དང་ཆོས་ཀྱི་འཁོར་ལོ་དཔག་མེད་བསྐོར། ལྕགས་སྤྲེལ་ལོར་ནགས་སྟོད་མེ་མོར་ཚོགས་འཁོར་ཟབ་རྒྱས་དང་། ལྷ་མིའི་འཁོར་ཁྲི་ཕྲག་ལྷག་ཏུ་སྨིན་གྲོལ་དུ་མ་བསྩལ། ཝ་ཐང་དུ་འབྲོང་ལུགས་ཕུར་པའི་སྒྲུབ་ཁང་རྒྱ་བསྐྱེད་དང་། འདུལ་བ་གཞི་གསུམ་གྱི་རྒྱུན་གསར་འཛུགས་གནང་། སྐུ་ཚེ་གང་པོར་བསྟན་འགྲོའི་དོན་ཁོ་ན་མཛད་ནས་རབ་བྱུང་བརྒྱད་པའི་ཆུ་ལུག་ལོར་ཝ་ཐང་དུ་ཞི་བར་གཤེགས་པའི་ཚུལ་བསྟན། གདུང་བཞུས་པའི་རིང་བསྲེལ་དཔག་ཏུ་མེད་པ་དང་ལྷ་སྐུའི་རྣམ་པ་སོགས་དུ་མ་འཁྲུངས་པ་གདན་ས་གོང་འོག་ཏུ་གདུང་རྟེན་ངོ་མཚར་ཅན་བཞེངས།

 

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་ལྔ་པ་ཀརྨ་པདྨའི་རྒྱལ་མཚན་ནི།

རབ་བྱུང་བརྒྱད་པའི་ཤིང་སྤྲེལ་ལོར་ནགས་ཤོད་སྦུལ་(སྦྲུལ་)མདའ་རུ་ཡབ་པདྨ་རྡོ་རྗེ་དང་ཡུབ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་བཞིའི་ཐོག་རྒྱལ་བ་ཀརྨ་པ་ཆོས་གྲགས་རྒྱ་མཚོས་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བ་ལྟར་དཔལ་ལྡན་གྱ་བའི་གདན་ས་ཝ་ཐང་དགོན་དུ་གདན་དྲངས།

དགུང་གྲངས་ལྔའི་ཐོག་ཙན་དན་དགོན་དུ་གོང་མའི་ཁྲིར་མངའ་གསོལ། རྗེ་ཀརྨ་པ་ལས་རབ་ཏུ་བྱུང་བས་ཀརྨ་པདྨའི་རྒྱལ་མཚན་ཞེས་པའི་མཚན་གནང་། གདན་ས་པ་ཀུན་དགའ་བཟང་པོ། བཀའ་བཞི་འཛིན་པ་སངས་རྒྱས་རྒྱལ་མཚན་ལས་མདོ་སྔགས་ཆོས་བཀའ་དུ་མ་གསན། རྣལ་འབྱོར་དབང་ཕྱུག་གྲགས་པ་བློ་གྲོས། སྔགས་འཆང་ཀུན་དགའ་བློ་གྲོས། མཐུ་སྟོབས་དབང་ཕྱུག་སངས་རྒྱས་ལྷུན་འགྲུབ། སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ། གྲུབ་ཆེན་རིན་ཆེན་བཀྲ་ཤིས། ནུས་ལྡན་ཀུན་དགའ་བློ་གྲོས། ཀརྨ་ཨ་མི་སམ་ལི། ཀརྨ་དཔའ་བོ་རྒྱ་ཡོ་བཅས་གོང་གསལ་བཤེས་གཉེན་དེ་དག་ལ་རྒྱལ་བསྟན་སྤྱི་དང་བཀའ་བརྒྱུད་པའི་སྨིན་གྲོལ་གདམས་པ་དུ་མ་དང་ལྷག་ཏུ་དཔལ་གྱ་བ་གངས་དཀར་པའི་ཡབ་ཆོས་ཞི་ཁྲོ་ཕུར་གསུམ་ལན་རེར་གསན་པར་མཛད་ཅིང་ཐུགས་དམ་གཙོ་བོར་གནང་།

རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལས་ན་རོ་ཆོས་དྲུག། འཁོར་ལོ་བདེ་མཆོག་དང་། ཕག་མོ་སོགས་ཟབ་ཆོས་དུ་མ་ཞུས། སྐུ་ཚེ་ཕལ་ཆེར་སྐུ་མཚམས་ཁོ་ནར་བཞུགས་པ་ལས་སྤྲོས་པའི་རྣམ་གཞག་གང་ཡང་མི་གནང་། དགུང་གྲངས་ཞེ་གཉིས་ལོ་ནས་གདན་ས་ཡས་མས་ཅུང་མ་མཐུན་པ་དང་བླ་བྲང་སྐུ་འཁོར་རྣམས་ཆོས་བརྒྱད་ཀྱི་སྤྲོས་པ་ཧ་ཅང་དགའ་ཆེ་བས་ཐུགས་གཏན་ནས་མ་དགྱེས་པས། བྱ་བྲལ་ཀུན་སྤངས་ཀྱི་རྣམ་ཐར་བདག་གིར་བཞེས་ནས་གསང་བྲོས་ཀྱིས་དྭགས་ལྷ་སྒམ་པོ། དཔལ་གྱི་ཙཱ་རི། གཡའ་མ་ལུང་། བསམ་ཡས་མཆིམས་ཕུ། མི་ལ་རས་པའི་སྒྲུབ་གནས་བྲག་དཀར་རྟ་སོ་སོགས་དབེན་པའི་གནས་རྣམས་སུ་སྒྲུབ་པ་ཁོ་ནར་གཞོལ།

གཏེར་ཆེན་པདྨ་གླིང་པ་ལས་རང་གཏེར་བླ་རྫོགས་ཐུགས་གསུམ་གྱི་སྨིན་གྲོལ་ཞུས་པར་དགྱེས་བཞིན། གཏེར་རྫས་འབུམ་ནག་ཆུ་ཡི་ཟིལ་པ་དང་། གནམ་ལྕགས་ཀྱི་གཏེར་ཕུར་སོགས་ཆོས་ནོར་དུ་མ་གནང་ནས་ཕ་ནོར་བུ་ལ་འཕྲོད་པ་ཡིན་གསུངས། དགུང་གྲངས་རེ་བདུན་ཐོག་གདན་ས་ཡས་མས་མ་བགྲོས་གཅིག་མཐུན་ཐོག་བཟོད་གསོལ་དང་། གདན་ཞུ་ཆེད་དུ་བཅར་བར་ཐུགས་ཧ་ཅང་དགྱེས་པ་དང་ང་མགྱོགས་པོ་ཡོང་གི་ཡིན་གསུངས་ཀྱང་། སྤྱི་སྒོས་བསོད་ནམས་དབང་གིས་རབ་བྱུང་དགུ་པའི་ཆུ་འབྲུག་ལོར་འོག་མིན་དཔལ་གྱི་མཚུར་ཕུར་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན། སྐུ་གདུང་ཙན་དན་དགོན་དུ་གདན་དྲངས་ནས་དམར་གདུང་བཞེངས་སོ།།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དྲུག་པ་ཀརྨ་དོན་འགྲུབ་ནི།

རབ་བྱུང་དགུ་པའི་ཤིང་རྟ་ལོར་ལྷོ་བྲག་མར་པ་ལོ་ཙཱའི་གདན་ས་དང་ཉེ་བར་ཡབ་ཕུན་ཚོགས་ཚེ་རིང་དང་། ཡུམ་ཉི་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་གཉིས་ཐོག་རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེས་རྗེ་ལྔ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད། རྗེ་དེ་ཉིད་ལས་རབ་ཏུ་བྱུང་བས་ཀརྨ་དོན་འགྲུབ་ཅེས་པའི་མཚན་བསྩལ། མདོ་སྔགས་དང་རིག་པའི་གནས་ཀྱི་ཆོས་མང་དུ་ཞུས། དགུང་གྲངས་བཞིའི་ཐོག་ཙན་དན་དགོན་དུ་གདན་དྲངས། ཀརྨ་ངག་དབང་རྒྱལ་མཚན་ལས་ཞི་ཁྲོ་ཕུར་གསུམ་སོགས་ཀྱི་སྨིན་གྲོལ་རྒྱ་མཚོ་ཞུས། དགུང་གྲངས་བཅུ་དྲུག་ཐོག་ཝ་ཐང་དུ་ཕེབས་ནས་གོང་མ་ན་རིམ་གྱི་སྒྲུབ་ཁང་དུ་ལོ་ལྔ་ཧྲིལ་པོར་རྡོ་རྗེ་ཕུར་པ་ཁོ་ན་བསྒྲུབས་པས་སྣང་སྲིད་དག་མཉམ་གྱི་ལྟ་བ་མངོན་དུ་གྱུར། བར་སྐབས་ཉམས་ཆག་སོང་བའི་སྐུ་གསུང་ཐུགས་རྟེན་ཉམས་གསོ་མཛད། རབ་གནས་སྐབས་ཡེ་ཤེས་པ་མངོན་སུམ་དུ་ཕེབས་པ་བྱུང་། ཝ་ཐང་དུར་ཁྲོད་གསར་འདེབས་དང་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་ནས་རྒྱ་གར་བསིལ་བའི་ཚལ་གྱི་དུར་ཁྲོད་དང་ཁྱད་མེད་པར་ཞལ་གྱིས་བཞེས། དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་ཙམ་བསྟེན་ནས་གངས་རིའི་ཁྲོད་ཀྱི་བཀའ་སྲོལ་ཕལ་ཆེར་གསན་བསམ་སྒོམ་གསུམ་མཐར་ཕྱིན་པར་མཛད།

དགུང་གྲངས་སོ་བརྒྱད་ཐོག་རྫ་དམར་འབྲོང་ངུར་དགོན་ཕྱག་བཏབ། ལོ་དེ་རང་དགེ་འདུན་བརྒྱ་ཙམ་འདུས། སྟོད་སྨད་ཀུན་ཏུ་འབྲོང་བུ་གུ་ཤྲཱི་ཞེས་སྙན་པ་ཆེ། དགུང་གྲངས་ཞེ་བཞིའི་སྟེང་དགེ་འདུན་ཉིས་སྟོང་ཙམ་ལ་ཙན་དན་དགོན་དུ་དཔལ་ཀརྨ་པ་གོང་མ་རིམ་བྱོན་གྱི་བཀའ་འབུམ་ལུང་གནང་། དགུང་གྲངས་ལྔ་བཅུའི་ཐོག་འབྲོང་ངུར་པའི་སྒྲུབ་སྡེ་གསར་དུ་བཏབ་ནས་སྐྱིད་རི་བདེ་ཆེན་ཕུག་ཅེས་པའི་མཚན་བསྩལ། སྒྲུབ་པ་པོ་ཉེར་ལྔ་ཙམ་གྱི་འཚོ་བ་བསྐྲུན།

ཞྭ་དམར་དཀོན་མཆོག་ཡན་ལག་ཤག་ཆུ་དང་ཙན་དན་དགོན་དུ་གདན་དྲངས་ཤིང་བསུ་བཀོད་བླ་མེད་མཛད་པས་ཐུགས་དགྱེས་པའི་རྩེར་སོན། སྨིན་གྲོལ་གྱི་གདམས་པ་དཔག་ཏུ་མེད་པ་གསན་བཞེས་མཛད། མདོ་དབུས་སྟོད་སྨད་ཀུན་ཏུ་ཞབས་ཀྱིས་བཅགས་ནས་གདུལ་བྱ་གྲངས་མེད་པའི་རྒྱུད་ལ་རྣམ་བྱང་གི་ས་བོན་གྲུང་པོར་བསྐྲུན། དྲུང་སི་ཏུ་པ་མཆོག་དང་ཆོས་ཀྱི་བདུད་རྩི་གསན་རེས་མཛད། སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་འབའ་ཞིག་བསྐྱངས་ནས་རབ་བྱུང་བཅུ་པའི་མེ་ཁྱི་ལོར་ངོ་མཚར་བའི་ལྟས་དུ་མ་བཅས་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ།།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བདུན་པ་ཀརྨ་དགེ་དབང་ནི།

རབ་བྱུང་བཅུ་པའི་མེ་ཕག་ལོར་སྟོད་ལུང་གཞོང་པ་ལྷ་ཆུ་དང་ཉེ་བར་ཡབ་མིག་དམར་དང་ཡུམ་ཀུན་བཟང་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་གསུམ་པར་རྒྱལ་བ་ཀརྨ་པ་དབང་ཕྱུག་རྡོ་རྗེས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་ཞིང་གཙུག་ཕུད་ཕུལ་བས་ཀརྨ་དགེ་བའི་དབང་པོ་ཞེས་པའི་མཚན་བསྩལ། རྗེ་འདི་ལས་ཆོས་མང་དུ་ཞུས། ཡི་གེ་འབྲི་ཀློག་ངལ་བ་ཆེར་མེད་པར་ཁོང་དུ་ཆུད། དགུང་ལོ་བདུན་པར་ཝ་ཐང་དུ་གདན་དྲངས།

ཀརྨ་གུ་རུ་རྒྱལ་མཚན་ལས་ཟབ་ཆོས་སྤྱི་དང་འབྲོང་ངུར་པའི་ཟབ་པའི་མཐར་ཐུག་ཞི་ཁྲོ་ཕུར་གསུམ་སོགས་ཞུས། དགུང་གྲངས་བརྒྱད་པར་རྡོ་རྗེ་ཕུར་པའི་བསྙེན་ཚད་ལོ་གཅིག་ཧྲིལ་པོར་བཞུགས་པས་རྟགས་དང་མཚན་མ་དུ་མ་ཐུགས་ལ་འཁྲུངས། མེ་སྤྲེལ་ལོར་མེ་མོར་ཕེབས་ནས་རྒྱལ་བ་གངས་པའི་ཟབ་ལམ་བླ་སྒྲུབ་སྒོ་ནས་ཚོགས་འཁོར་རྒྱས་པར་མཛད། སེར་སྐྱ་ཁྲི་ཕྲག་བརྒལ་བར་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་དབང་ཆོག་རྒྱས་པ་ཆོས་རྗེ་པདྨའི་རྒྱལ་མཚན་གྱི་ཟིན་བྲིས་གཞིར་བཟུང་ནས་བསྐུར་བར་མཛད།

ཙན་དན་དགོན་དུ་ཕེབས་ནས་རྒྱལ་བ་རྒྱ་མཚོ་དང་ཕག་མོ་སོགས་ཀྱི་དབང་གནང་། རྫ་དམར་འབྲོང་ངུར་དགོན་དུ་ཕེབས་པའི་ལམ་བར་ཤག་རོང་ལུང་རིང་དུ་ས་གཞི་བྱིན་འབེབས་དང་ཞི་ཁྲོའི་སྒྲུབ་ཁང་ཞིག་བཏབ། རྗེས་སུ་དར་རྒྱས་ཕྱིན་ནས་བན་སྔགས་བརྒྱ་ཙམ་ཡོད་པའི་དགོན་པ་ཞིག་ཏུ་གྱུར་མོད། སོག་པོ་འགྱུར་གར་(ཇུན་གར་)ཚེ་དབང་རབ་བརྟན་གྱི་དམག་གིས་རྩ་གཏོར་བཏང་ནས་དེང་སང་ཞི་ཁྲོ་ལུང་རིང་ཞེས་དགོན་ཤུལ་ཙམ་ཞིག་ཡོད། རབ་བྱུང་བཅུ་པའི་ལྕགས་གླང་དགུང་གྲངས་བཅོ་ལྔའི་ཐོག་གློ་བུར་དུ་དགོངས་པ་ཞི་བར་གཤེགས།  སྐུ་གདུང་མཆོད་རྟེན་གདན་ས་གོང་འོག་ཏུ་བཞེངས།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བརྒྱད་པ་གངས་པ་མཆོག་རྒྱལ་ནི།

རྗེ་འདི་རབ་བྱུང་བཅུ་པའི་ཆུ་སྟག་ལོར་ཡབ་སྔགས་རིགས་པདྨ་དབང་རྒྱལ་དང་ཡུམ་དམ་ཆོས་སྒྲོལ་མ་གཉིས་ཀྱི་སྲས་སུ་ནགས་སྟོད་གངས་ཆེ་འབྲོག་སྡེར་འཁྲུངས། དགུང་གྲངས་གཉིས་ཐོག་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་ངོས་འཛིན་མཛད། རྒྱལ་བ་གངས་པ་ལས་ཀྱང་འཕྲིན་ལས་ཆེ་བའི་རྟེན་འབྲེལ་ཡོད་ཅེས་གངས་པ་མཆོག་རྒྱལ་ཞེས་པའི་མཚན་གནང་། དགུང་གྲངས་དྲུག་ཐོག་གདན་ས་གོང་འོག་གི་ཆོས་ཁྲིར་མངའ་གསོལ། ཡོངས་འཛིན་ཀརྨ་རྣམ་གསུམ་གྲགས་པ་ནི་ཀརྨ་རིན་ཆེན། ཀརྨ་བུདྡྷ་རབ་བརྟན། བླ་མ་ཀརྨ་དཔལ་འབར་གསུམ་བསྟེན་ནས་ཐུན་མོང་དང་ཐུན་མིན་རིག་པ་རྒྱ་མཚོར་བསླབས། སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་གྱ་བ་འབྲོང་ངུར་པའི་ཁྲིད་དང་གདམས་པ་ཞི་ཁྲོ་ཕུར་གསུམ་བཅས་ཚུལ་བཞིན་གསན་པར་མཛད།

རབ་བྱུང་བཅུ་པའི་ཤིང་སྟག་ནས་ལྕགས་སྤྲེལ་བར་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པ་ཁོ་ནར་བཞུགས། ལྕགས་བྱ་ལོར་ཚེ་གཅིག་དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་པ་ཁོ་ནར་གཞོལ་འདོད་རྣམས་ལ་ཕུར་པའི་སྟོད་སྨད་ཀྱི་དབང་ཆེན་སྩོལ་སྐབས་དབང་ཞུ་མི་བརྒྱ་དང་བརྒྱད་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས། ཕུར་ཐོགས་བརྒྱ་དང་བརྒྱད་ཡིན་པས་ཚོམ་བུ་གཅིག་ཏུ་སངས་རྒྱས་པར་འགྱུར་ཞེས་ཐུགས་དགྱེས་ཤིང་རྟེན་རྫས་དང་སྒྲུབ་རྫས་བཅས་གནང་། རབ་བྱུང་བརྒྱད་པའི་ཆུ་ཁྱི་ལོར་ཙན་དན་དགོན་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན། འདས་མཆོད་ལ་དགེ་འདུན་སྟོང་ཕྲག་ལྔ་ཙམ་འདུས།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དགུ་པ་དགེ་བའི་དབང་པོ་སྟེ།

རབ་བྱུང་བཅུ་པའི་ཆུ་ཕག་ལོར་རྒྱལ་བ་གངས་པའི་གདུང་རྒྱུད་དྲི་མ་མེད་པར་ཡབ་ཚེ་རིང་ཆོས་རྒྱལ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་ཅན་པདྨ་སྐྱིད་གཉིས་ཀྱི་སྲས་སུ་ནགས་ཤོད་ཝ་ཐང་འབྲོང་ངུར་བླ་བྲང་དུ་སྐུ་འཁྲུངས། རྗེ་ཀརྨ་པ་ཆོས་དབྱིངས་རྡོ་རྗེས་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་བཟུང་། དགུང་གྲངས་བདུན་པར་ཙན་དན་དགོན་པར་ཕེབས། ཁུ་བོ་བརྒྱུད་འཛིན་བསོད་ནམས་རྒྱ་མཚོ་རིགས་ཀྱི་ཅོད་པན་བསྟེན་ནས་ཡི་གེ་འབྲི་ཀློག་དང་། སུམ་རྟགས་དག་གསུམ། གསོ་བ་རིག་རྒྱུད་གཞུང་། རྩིས་དཀར་ནག། ལན་ཝར་སོགས་ཡིག་རིགས་དཀར་ནག་ལ་མཁས་པར་སྦྱངས། བཀའ་བརྒྱུད་གོང་མའི་གསུང་རབ་སྤྱི་དང་སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་གྱ་བ་འབྲོང་ངུར་ལུགས་ཀྱི་སྨིན་གྲོལ་རྒྱུན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་གསན་བཞེས་མཛད།

དགུང་གྲངས་བཅུ་བདུན་ཙམ་ནས་སྡེ་གཟར་ཡོ་ལང་སྔ་རྗེས་འབྱུང་བཞིན་པར་ཀུན་སྤངས་བྱ་བྲལ་གྱི་རྣམ་ཐར་བདག་གིར་བཞེས་ནས་རིམ་བཞིན་སྟག་ལུང་དང་འབྲི་ཁུང་(གུང་)སོགས་ལ་ཕེབས་པ་དང་།  གདན་རབས་ཉེར་གསུམ་པ་སོགས་ལས་ཆོས་མང་དུ་ཞུས། གསང་ཕུ་དང་ཞ་ལུ། གོང་དཀར་སོགས་ལ་ཕེབས་ནས་ཤིང་རྟ་གཉིས་ཀྱི་གཞུང་ལུགས་སོགས་ལ་མཁས་པར་སྦྱངས། བཅུ་ཕྲག་རིག་པའི་གནས་ལ་མཁས་པར་གྱུར་ནས་པཎྜི་ཏ་དགེ་བའི་དབང་པོ་ཞེས་པའི་སྙན་པས་ཁྱབ།

ཤངས་ཆོས་སྒར་གླིང་དུ་རྒྱལ་མཆོག་ལྔ་པ་ཆེན་པོར་ཞི་ཁྲོ་ཕུར་གསུམ་གྱི་ཞབས་བརྟན་རྟགས་ཐོན་བསྒྲུབས་པས་རྒྱལ་མཆོག་ཐུགས་དགྱེས་པའི་གཟིགས་པ་ཚད་མེད་བསྐྱངས། བསོད་ནམས་རྒྱ་མཚོ་དང་རྗེ་འདི་ལ་འབྲོང་ངུར་ཁུ་དབོན་ཞེས་གྲགས་པ་ཡིན་ལ་རྒྱལ་མཆོག་ལྔ་པ་ཆེན་པོས་ཁུ་མཚན་གོ་ལྡོག་པར་མཆོད་རྟེན་མས་སྦོམ་གྱི་དཔེར་མཛད་ནས་བསྔགས་བརྗོད་ཚད་མེད་གནང་། རྩེ་ཕོ་བྲང་གི་རྟ་ལམ་དུ་རྟ་བཞོན་ནས་ཕེབས་ཆོག་པ་སོགས་གོ་ཐོབ་ཆེན་པོ་གནང་།  ལྔ་པ་ཆེན་པོ་ལས་དབང་ལུང་མང་དུ་ཞུས། སྐབས་དེར་ཙན་དན་དགོན་དགེ་ལུགས་སུ་བསྒྱུར་ཟིན་པས་སླར་སྐྱོང་ཐབས་བྲལ་བ་དང་། ཝ་ཐང་དགོན་གཏོར་བཤིག་དང་ཉམས་ཆག་ཆེ་བར་ཉམས་གསོ་ཆོག་པའི་བཀའ་འཁྲོལ་ཞུ་སྐབས་རྒྱལ་མཆོག་ལྔ་པ་ཆེན་པོས་སྐུ་གསུང་ཐུགས་རྟེན་མང་པོ་བསྩལ་བ་དང་། བཀའ་གཏན་ཤེ་བམ་ཆེན་མོའི་དགོངས་དོན་བཞིན་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་ལོར་ཉམས་གསོ་ཞུས། ཞི་ཁྲོ་ཕུར་གསུམ་གྱི་སྒྲུབ་ཆེན་བཙུགས། རྒྱལ་བའི་བཀའ་དྲིན་དྲན་གསོའི་ཆེད་ལོ་ལྟར་ཞབས་རིམ་བཀའ་འགྱུར་ལན་གསུམ་རེ་འདོན་དགོས་པའི་སྲོལ་བཏོད། ཞབས་དགོན་བཀའ་འགྱུར་རི་ཕུག་ཅེས་པའི་ལྷ་ཁང་ཆེན་པོ་ཞིག་བཞེངས། འབྲོང་ངུར་ཕུར་པའི་སྒྲུབ་ཆེན་དང་ཞི་ཁྲོའི་སྒྲུབ་ཆེན་སོགས་བསྐྱར་གསོ་མཛད། རྒྱུད་དང་གཏུགས་ནས་ཞི་ཁྲོ་ཕུར་གསུམ་གྱི་ཆོ་ག་དག་པར་བྱས། སྒམ་པོ་པ་ལས་དཀོན་མཆོག་སྤྱི་འདུས་གསན་ནས་ཚེས་བཅུ་གསར་འཛུགས་དང་། ཉེར་ལྔ་རྗེ་རང་བྱུང་རྡོ་རྗེས་མཛད་པའི་ཚོགས་ལས་རིན་ཆེན་འཕྲེང་བའི་རྒྱུན་བཙུགས། ལོ་དང་རྫ་དམར་འབྲོང་པ་སོགས་ལ་ཕེབས་ནས་ཞི་ཁྲོ་ཕུར་གསུམ་གྱི་སྒྲུབ་ཆེན་ལན་གྲངས་དུ་མར་གནང་།

ཆོ་འཕྲུལ་ཟླ་བའི་ནང་རང་ལུགས་ཕུར་པའི་རྩ་འཆམ་དང་བསྟན་སྲུང་རྒྱ་མཚོའི་གར་འཆམ་གྱི་སྲོལ་གཏོད་གནང་ཚུལ་རྒྱས་པར་རང་རྣམ་ལས་གསལ་བ་ལྟར་གནང་། བསྟན་རྒྱུན་ཆད་ཁ་མར་གསོ་བར་མཛད་པ་སོགས་བཀའ་དྲིན་བླ་ན་མེད་པར་བསྐྱངས། སོག་བོད་གཏུམ་དྲག་ཅན་གྱིས་དངོས་བརྒྱུད་ནས་སྐུ་སྲོག་ལ་རྒོལ་བ་བརྩམས་ཀྱང་ཐབས་མཁས་དང་བྱང་ཆུབ་སེམས་ཀྱིས་མ་རུངས་རྣམས་བཏུལ་བར་མཛད། འཆད་རྩོད་རྩོམ་གསུམ་སོགས་ཀྱིས་སྐུ་ཚེའི་རྣམ་ཐར་ཉམས་བཞེས་མཛད། རབ་བྱུང་བཅུ་གཅིག་པའི་མེ་གླང་ལོར་གདན་ས་ཆེན་པོར་མྱ་ངན་འདས་པའི་ཚུལ་སྟོན་པར་མཛད་དོ། །ད་ལྟ་མཇལ་དུ་ཡོད་པའི་བཀའ་འབུམ་པོད་གསུམ་ཅན་ཞིག་བཞུགས།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་པ་དཀོན་མཆོག་བསྟན་འཛིན་བཟང་པོ་ནི།

རབ་བྱུང་བཅུ་གཉིས་པའི་ས་སྟག་ལོར་ཡབ་བདེ་ཆེན་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་དགེ་རྒྱས་རུ་པར་སྐུ་བལྟམས། སྐུ་གོང་མའི་ཞལ་ཆེམས་བཞིན་ངོས་འཛིན་ཞུས། ཀུན་བཟང་རང་གྲོལ་ལས་རབ་ཏུ་བྱུང་བས་དཀོན་མཆོག་བསྟན་འཛིན་བཟང་པོ་ཞེས་པའི་མཚན་བསྩལ། དགེ་བའི་བཤེས་གཉེན་དུ་བླ་མར་བསྟེན་ནས་ཕྱི་ནང་རིག་པའི་གནས་ལ་བསམ་པ་རྒྱ་ཆེར་གནང་། དམ་ཆོས་ཀུན་བཟང་རང་གྲོལ་དང། ངག་དབང་མཐུ་སྟོབས་མེ་འབར་གཉིས་ལས་འབྲོང་ངུར་ཡབ་ཆོས་ཞི་ཁྲོ་ཕུར་གསུམ་དབང་དང་ཁྲིད་མན་ངག་མ་ལུས་པར་ཞུས་ནས་རྩ་བའི་བླ་མ་གཉིས་ཀྱི་དྲུང་དུ་མི་ལོ་ཧྲིལ་པོ་བཅུ་ཡི་རིང་རྡོ་རྗེ་ཕུར་པ་སྒྲུབ་པ་ཁོ་ནར་བཞུགས་པར་དམ་བཅའ་ཕུལ་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་བར་གཟིམས་སྒོའི་ཐེམ་པ་སྤངས་ནས་སྒྲུབ་པ་བཞུགས་པས་བླ་མ་རྣམ་གཉིས་ཐུགས་ཧ་ཅང་གིས་དགྱེས།

གངས་ལྗོངས་ལྷ་མིའི་མགོན་སྐྱབས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དབུས་སུ་ཕེབས་ལམ་ནགས་ཤོད་ལྷ་མི་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུ་བཞིན་པར་འབྲོང་ངུར་ཆོས་རྗེ་སྐུ་དངོས་ཕེབས་མ་ཐུབ་ཀྱང་འབྲོང་ངུར་བླ་དགོན་ཡོངས་ཀྱི་སྐུ་ཚབ་དང་འབུལ་ཚན་སྤམ་སྟུག་པ་བཅས་ཆུ་བཟང་ཟླ་བ་ཐང་ནས་ཕེབས་བསུར་བཅར་བས་རྒྱལ་མཆོག་ཐུགས་ཤིན་ཏུ་དགྱེས།

དགུང་གྲངས་སོ་གཅིག་ཐོག་འབྲོང་ངུར་ཆོས་རྗེའི་གནས་མཆོག་མེ་མོ་བྲག་དཀར་དུ་ཕེབས་ནས་སྐུ་ན་རིམ་གྱི་དགོངས་རྫོགས་དང་རྗེས་དྲན་མཆོད་འབུལ་ཟབ་པ་གནང་། ན་རག་དོང་སྤྲུགས་ཀྱི་དབང་ཆེན་གྱིས་གདུལ་བྱ་དུ་མའི་རྒྱུད་ལ་རྣམ་དཀར་ས་སོན་བསྐྲུན། ལོ་དེར་འབྲོང་ངུར་གདུང་རིན་པོ་ཆེ་ཉི་མ་འོད་ཟེར་དབང་ལུང་མན་ངག་དང་སྐུ་གསུང་ཐུགས་རྟེན་འབུལ་བརྫངས་བཅས་རྫ་དམར་འབྲོང་ངུར་དགོན་ཉམས་གསོའི་ཆེད་དུ་བཏང་བར་མཛད།

རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་ལོར་གདུང་རིན་པོ་ཆེ་རྟ་མགྲིན་རྒྱ་མཚོས་ལོ་གཞུང་དུ་འབྲོང་ངུར་སྒར་པ་འདེབས་སུ་ཕེབས་ཁར། རྒྱལ་བ་གངས་པ་གསུང་བྱོན་མ་དང་། འབུམ་ནག་གསེར་བྲིས་ཅན་སོགས་རྟེན་གསུམ་དུ་མ་བསྩལ། བསླབ་བྱ་ཐུགས་ངེས་འདྲོངས་པ་དང་། ཐུགས་སྨོན་ཟབ་མོ་གནང་བའི་མཐུས་བགྲང་བྱ་ཉི་ཤུ་ལྷག་གི་རིང་འབྲོང་ངུར་སྒར་པའི་དབུ་འཕངས་བླ་རུ་གྱུར་ནས་ཕུར་དགའ་བཀྲ་ཤིས་སྐབས་སུ་དགོན་ས་འདེབས་ཐུབ་པ་བྱུང་། རྗེ་རིན་པོ་ཆེ་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་གདུང་རྟེན་ཉམས་གསོ་གནང་། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ལོར་ངོ་མཚར་ལྟས་དུ་མ་བཅས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུ་གདུང་མཆོད་རྟེན་ཞལ་ཆེམས་ལྟར་དུར་ཁྲོད་དུ་བཞེངས།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དོན་གྲུབ་ནི།

རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ལོར་ཡབ་རྡོ་རྗེ་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྟག་རིང་དུ་སྐུ་འཁྲུངས། དགུང་གྲངས་གཉིས་སྟེང་རྗེ་ཀརྨ་པ་བདུད་འདུལ་རྡོ་རྗེས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད། ཉི་གྲགས་མཆོག་སྤྲུལ་ལས་རབ་ཏུ་བྱུང་བས་བསྟན་འཛིན་དོན་གྲུབ་ཅེས་པའི་མཚན་བསྩལ། རིན་ཆེན་དབང་རྒྱལ་ལས་ཡི་གེ་འབྲི་ཀློག་སོགས་ལེགས་པར་བསླབས། དགུང་གྲངས་ལྔ་པར་གོང་མའི་ཆོས་ཀྱི་ཁྲིར་མངའ་གསོལ། གུ་རུ་རཏྣ་ཀིརྟི་ལས་འབྲོང་ལུགས་ཞི་ཁྲོ་ཕུར་གསུམ་ཆོས་མ་ལུས་ཞུས། རྙིང་མ་རྒྱུད་འབུམ་རིན་པོ་ཆེ་སོགས་གསུང་རབ་མང་དུ་གདན་དྲངས། རྗེ་དགེ་བའི་དབང་པོའི་བཞེད་སྲོལ་སྒྲུབ་མཆོད་ཁག་མ་ཉམས་པར་བསྐྱངས། རྒྱུད་འབུམ་རིན་པོ་ཆེའི་བཀླགས་ལུང་ཚར་གཅིག་གནང་། འབྲོང་ངུར་པའི་ཞི་ཁྲོ་ཕུར་གསུམ་དབང་ལན་དུ་མ་གནང་། དགུང་གྲངས་ཉེར་ལྔའི་ཐོག་ཕུར་སྒྲུབ་ཆེན་མོ་འཚོགས་ནས་ཕུར་པའི་དབང་ཆེན་དང་། རྒྱལ་བ་འབྲོང་ངུར་པ་སྒང་པ་ཆེན་པོ་དང་དགེ་བའི་དབང་པོ་སོགས་གོང་མ་རིམ་བྱོན་གྱི་བཀའ་འབུམ་ལུང་གནང་།

ལྷ་རའི་ཐོད་དེར་ཆོས་སྐྱོང་མགོན་པོ་དང་། འབྲི་གུང་ཨ་ཕྱི་ཆོས་སྒྲོན། འབྲོང་ངུར་པའི་ཐུན་མིན་བཙན་རྒོད་སྐྱེས་བུ་ཆེན་པོ་བཅས་ཀྱི་རྟེན་མཁར་གསར་དུ་བཞེངས། ལྷ་ཁང་ཀ་བ་སོ་ལྔ་ཅན་རྟེན་དང་བརྟེན་པ་ཅན་ཞིག་གསར་དུ་བཞེངས་ནས་དཔལ་འབྲི་གུང་པདྨའི་རྒྱལ་མཚན་མཆོག་གདན་དྲངས་ཤིང་རབ་གནས་བྱིན་འབེབས་གནང་། ཕུར་པའི་སྐུ་མཚམས་ལོ་གསུམ་བཞུགས་པས་རྟགས་དང་མཚན་མ་མང་དུ་བྱུང་། དགུང་གྲངས་ཉེར་དགུ་ནས་དབུས་གཙང་རུ་བཞིར་གནས་སྐོར་དང་། དགེ་བའི་བཤེས་གཉེན་གྲངས་མེད་པ་ལས་དབང་ལུང་མན་ངག་དུ་མ་ཞུས།

དགུང་གྲངས་སོ་བཞི་ནས་ཝ་ཐང་འབྲོང་ངུར་བླ་བྲང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་བཞི་ཙམ་ལྗགས་ཀློག་མཛད། ཡིག་ཀློག་ལ་བྱང་ཆུབ་པ་དང་ཀློག་ཤིན་ཏུ་ལེགས། སོ་བརྒྱད་ཐོག་བཀའ་འགྱུར་ལུང་ཞིག་གནང་བས་ཐག་རིང་ནས་ཀྱང་ལུང་ཞུ་མི་མང་དུ་བྱུང་། དགུང་གྲངས་སོ་དགུའི་ནང་བསམ་ཡས་མཆིམས་ཕུ་ལ་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་ཚོགས་འཁོར་རྒྱས་པ་ཞིག་གནང་། སྟག་ཕུ་གར་དབང་ཆོས་ཀྱི་དབང་ཕྱུག་ལས་ཆོས་མང་དུ་ཞུས་པས་སྟག་ཕུས་ཁྱེད་དཔལ་ཕྱག་ན་རྡོ་རྗེའི་སྐུ་ཞིག་ཁོ་ནར་མཇལ་གྱི་འདུག་པ་གང་ཡིན་ནམ་གསུངས། རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ལོར་སྐུ་གཤེགས་པའི་ཚུལ་བསྟན། སྐུ་གདུང་བྱིས་པ་ལོ་བརྒྱད་ཅིག་གི་ཚོད་དུ་ཆུང་ངུར་གྱུར་པ་སོགས་ངོ་མཚར་ཅན་དུ་གྱུར།

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་གཉིས་པ་བསྟན་འཛིན་རྣམ་གྲོལ་ནི།

རབ་བྱུང་བཅུ་གསུམ་པའི་མེ་རྟ་ལོར་ཡབ་དོན་འགྲུབ་བཀྲ་ཤིས་དང་། ཡུམ་སྲི་གཅོད་གཉིས་ཀྱི་སྲས་སུ་བྱང་གནམ་མཚོའི་འདབས་སུ་སྐུ་འཁྲུངས། དགུང་གྲངས་བཞིའི་སྟེང་རྗེ་ཀརྨ་པ་བདུད་འདུལ་རྡོ་རྗེས་ངོས་འཛིན་གནང་། མཚུར་ཕུ་དྲུང་པ་རྒྱལ་ཚབ་སྤྲུལ་སྐུས་གཙུག་ཕུད་བཞེས་ཤིང་མཚན་བསྟན་འཛིན་རྣམ་གྲོལ་ཞེས་གནང་། དགུང་གྲངས་ལྔ་པར་ཝ་ཐང་འབྲོང་ངུར་པའི་གདན་སར་གདན་དྲངས་ནས་ཆོས་ཀྱི་ཁྲི་ལ་མངའ་གསོལ། ཡི་གེ་འབྲི་ཀློག་དང་རང་ལུགས་འདོན་ཆོག་སོགས་ལ་མཁས་པར་བསླབས། ངེས་ལེགས་ཆོས་ཀྱི་དབང་པོ་ལས་འབྲོང་ངུར་པའི་ཡབ་ཆོས་ཞི་ཁྲོ་ཕུར་གསུམ་དབང་ལུང་མན་ངག་དང་བཅས་པ་ཞུས། ཞི་ཁྲོ་ཕུར་གསུམ་བསྙེན་སྒྲུབ་གོང་མ་རིམ་བྱོན་ཕྱག་བཞེས་ལྟར་ཉམས་སུ་བླངས།

དགུང་གྲངས་བཅོ་ལྔ་པར་ནགས་སྟོད་མེ་མོ་བྲག་དཀར་དུ་ཕེབས་ནས་ཚོགས་འཁོར་བསྐོར་བས་དག་པའི་གཟིགས་སྣང་དཔག་མེད་ཏུ་བྱུང་། ཤིང་བྱི་ལོར་ཕུར་པའི་སྒྲུབ་གནས་ཝ་ཐང་སུམ་མདོར་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཟླ་བ་གཅིག་གི་རིང་སྒྲུབ་ཆེན་འཚོགས། ལོ་དང་རྫ་དམར་འགོམ་སོགས་ནས་གྲྭ་པ་དང་སྔགས་པ་སོགས་དྲུག་ཅུ་ཙམ་ལ་དཔལ་གྱ་བ་འབྲོང་ངུར་པའི་ཡབ་ཆོས་ཞི་ཁྲོ་ཕུར་གསུམ་དབང་ལུང་མན་ངག་ཐམས་ཅད་གནང་། འགོམ་བླ་རི་དབང་མཆོག་སྤྲུལ་གདན་དྲངས་ནས་གུར་དྲག་དང་བསམ་ལྷུན་མན་ངག་བཅུ་གསུམ། ཕྱག་རྒྱ་ཆེན་པོ་ལྔ་ལྡན་སོགས་ཀྱི་དབང་ལུང་ཞུས།

རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ་ལོར་གནས་ཆེན་མེ་མོ་བྲག་དཀར་དུ་ཚོགས་མཆོད་དང་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་སྒྲུབ་ཆེན་ཞིག་ཚུགས། ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་ཉང་ཁུ་གཞུང་དུ་ནམ་ཕེབས་ལ་ཆོས་འབྲེལ་དང་འབུལ་བ་དཔངས་སྟུག་འབུལ་གནང་མཛད། རྟག་ཏུ་དམན་ས་འཛིན་ཅིང་ཡོན་ཏན་ཐམས་ཅད་སྦས་ནས་བཞུགས་པའི་རྣམ་ཐར་གཙོ་བོར་མཛད། ཤིང་སྤྲེལ་ལོར་གནས་ཆེན་མེ་མོར་ཚོགས་འཁོར་དང་སྐོར་བརྒྱ་བསགས། ནགས་ཤོད་རོང་སྐོར་རྒྱས་པ་ཕེབས།(འདི་ནས་མ་དཔེའི་ཡིག་འཕྲེང་གསུམ་ཙམ་ཟུབ་ནས་གསལ་པོར་མཐོང་གི་མི་འདུག) རབ་བྱུང་བཅུ་པའི་(བཅུ་བཞི་པའི་)ལྕགས་ཡོས་ལོར་ཡུན་རིང་ཙམ་བསྙུངས་ནས་ཞི་བར་གཤེགས་པའི་ཚུལ་བསྟན་པར་མཛད་དོ།།

 

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་གསུམ་པ་ཀརྨ་བྷ་དྲ་ཞེས་གྲགས་པ་ནི།

རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ལོར་བེ་གཞུང་དུ་ཡབ་སྔགས་རིགས་སྐལ་བཟང་ཡུམ་སྒྲོལ་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། གྲྭ་པ་ཞིག་ལ་སྐྱེས་བུ་ཆེན་པོ་ཐོག་རྒྱག་ཏུ་བབས་ནས་ངའི་འབྲོང་ངུར་ཆོས་རྗེའི་ཡང་སྲིད་འཁྲུལ་མེད་འདི་ཡིན་ཞེས་ངོས་བཟུང་། རྗེ་ཀརྨ་པ་ཐེག་མཆོག་རྡོ་རྗེ་ལ་ཞུས་པས་དེ་མཚུངས་ངོས་འཛིན་གནང་བ་ལྟར་དགུང་གྲངས་གཉིས་ཐོག་ཝ་ཐང་འབྲོང་ངུར་དགོན་དུ་གདན་དྲངས། དགེ་སློང་རྣམ་རྒྱལ་ལས་ཡི་གེ་འབྲི་ཀློག་དང་སྨན་རྩིས་སོགས་མཁས་པར་བསླབས།

        ཀརྨ་ཨོ་རྒྱན་འགྲོ་འདུལ་ལས་རབ་ཏུ་བྱུང་ཞིང་མཚན་ཀརྨ་བྷ་དྲ་ཞེས་གནང་། བསྟན་འཛིན་འཕྲིན་ལས་ལྷུན་འགྲུབ།  ཀརྨ་ཨོ་རྒྱན་འགྲོ་འདུལ་དང་། གཉིས་ལས་འབྲོང་ངུར་པའི་ཞི་ཁྲོ་ཕུར་གསུམ་དང་རྗེེ་རིན་པོ་ཆེ་རྒྱལ་བ་གངས་པ་ཆེན་པོ་དང་། པཎྜི་ཏ་དགེ་བའི་དབང་པོ་སོགས་སྐུ་གོང་མ་རིམ་བྱོན་གྱི་བཀའ་འབུམ་དང་། སྒྱུ་འཕྲུལ་ཞི་ཁྲོའི་བསྙེན་ཡིག་སོགས་ཀྱི་ལུང་རྒྱུན་གསན།  དགུང་གྲངས་བཅུ་བཞི་ནས་ཞི་ཁྲོ་ཕུར་གསུམ་གྱི་བསྙེན་སྒྲུབ་ལོ་གསུམ་རིང་བཞུགས། ལྕགས་སྤྲེལ་ལོར་མེ་མོ་བྲག་དཀར་དུ་ཕེབས་ནས་ཚོགས་འཁོར་དང་གནས་གཟིགས་མཛད། ཕྱོགས་སོ་སོ་ནས་ཡོང་བའི་ཆོས་འདོད་དུ་མ་ལ་ཞི་ཁྲོའི་དབང་ཆེན་བསྩལ་ནས་འབྲེལ་ཚད་དོན་ལྡན་མཛད།

ཆུ་ཁྱི་ལོར་འབྲོང་ངུར་བླ་བྲང་ལ་མི་དགའ་མཁན་འགས་གཞུང་ས་རིན་པོ་ཆེར་སྙན་ཕྲ་ཞུ་ལོག་དུ་མ་བརྒྱབས་པས་ནག་མེད་དབུ་ཉེས་ཕོགས་ནས་བླ་བྲང་གཏོར་བཤིག་དང་། གོ་དབང་མེད་པ་དང་། དགོན་པར་བཞུགས་མི་ཆོག་པར་བསྒྲགས། རྐྱེན་ངན་གྲོགས་སུ་བསྒྱུར། ལྟས་ངན་གཡང་དུ་ལེན་པ་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན་བྱང་རྭ་སྒྲེང་རྒྱལ་བའི་འབྱུང་གནས། དཔལ་སྟག་ལུང་ཡ་ཐང་། འོག་མིན་དཔལ་གྱི་འབྲི་གུང་། གདན་ས་དྭགས་ལྷ་སྒམ་པོ། དཔལ་གྱི་རྩྭ་རི། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། མཆིམས་ཕུ། དགའ་ལྡན་དགོན། དབུས་ལྷ་ལྡན། འོག་མིན་མཚུར་ཕུ། གཙང་ས་སྐྱ། གངས་དཀར་ཏི་སེ། བལ་ཡུལ་ཡང་ལེ་ཤོད། མཆོད་རྟེན་བྱ་རུང་ཁ་ཤོར། བྲག་དཀར་རྟ་སོ་སོགས་སྒྲུབ་གནས་རྣམས་སུ་ཕེབས་ནས་དགེ་བའི་བཤེས་གཉེན་དུ་མ་ལས་དམ་པའི་ཆོས་སྒོ་དཔག་ཏུ་མེད་པར་ཐོས་བསམ་སྒོམ་གསུམ་རྩེ་གཅིག་གནང་བས་གྲུབ་པའི་གོ་འཕང་མཐོན་པོར་ཐོབ།

རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ལོར་བྱང་གནམ་མཚོ་ལ་བཞུགས། ཆུ་སྤྲེལ་ལོར་མེ་མོ་བྲག་དཀར་དུ་ཕེབས་ནས་མཁའ་འགྲོའི་ཕུག་པར་ཟླ་བ་ལྔ་ཙམ་སྐུ་མཚམས། འགོམ་དཔོན་གྱིས་གཞུང་ས་རིན་པོ་ཆེར་སྐྱབས་འཇུག་མང་དུ་ཞུས་པས་ཤིང་ཁྱི་ལོར་གདན་སར་ཕེབས་ཐུབ་ཙམ་བྱུང་ཡང་། ཉམས་ཆག་ཆེན་པོ་བྱུང་བ་ལ་ཐུགས་སྐྱོ་ནས་མགུར་མང་དུ་བཞེངས། མ་འོངས་ལུང་བསྟན་དང་། གསན་ཡིག། གནས་ཡིག། གསོལ་འདེབས། ཞལ་གདམས་སོགས་གསུང་རྩོམ་མང་པོ་མཛད།

ལྕགས་འབྲུག་ལོར་སློབ་མ་ཉུང་ངུ་ཞིག་ལ་ཞི་ཁྲོ་ཕུར་གསུམ་དབང་ཆེན་གནང་། མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་ཟླ་དང་བྲལ་ཡང་འགྲོ་བའི་བསོད་ནམས་དབང་གིས་འགྲོ་དོན་ཆེར་མ་བྱུང་། ལྕགས་སྦྲུལ་ལོར་ཞི་བར་གཤེགས་པའི་ཚུལ་བསྟན་པར་མཛད་དོ།།

 

འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་བཞི་པ་དཀོན་མཆོག་བསྟན་འཛིན་ནི།

རང་ཅག་གི་རྩ་བའི་བླ་མ་དམ་པ་འདི་ཉིད་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ལོར་ཡབ་ཀུན་བཟང་རྡོ་རྗེ་དང་ཡུམ་རིན་ཆེན་གཉིས་ཀྱི་སྲས་སུ་ལྷོ་སྨྲི་ཏི་ཁར་འཁྲུངས། དགུང་གྲངས་གསུམ་སྟེང་རྗེ་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད། རང་གྲོལ་རིན་པོ་ཆེ་ལས་རབ་ཏུ་བྱུང་བས་དཀོན་མཆོག་བསྟན་འཛིན་ཞེས་པའི་མཚན་བསྩལ། ཀརྨ་ཤེས་རབ་དང་། བླ་མ་ངག་དབང་རྣམ་གཉིས་ལས་འབྲོང་ངུར་པའི་ཞི་ཁྲོ་ཕུར་གསུམ་གྱི་དབང་ལུང་མན་ངག་ཐམས་ཅད་ཞུས། སྐུ་གོང་མ་རིམ་བྱོན་རྣམ་ཐར་བཞིན་ཕུར་པ་རྡོ་རྗེ་གཞོན་ནུའི་སྐུ་མཚམས་ལོ་གསུམ་རིང་བཞུགས། འབྲོང་ངུར་བླ་བྲང་དང་གདན་ས་ཉམས་གསོ་གནང་།

        མེ་སྤྲེལ་ལོར་གནས་ཆེན་མེ་མོ་བྲག་དཀར་ཕེབས་ནས་ཚོགས་འཁོར་དང་ཞི་ཁྲོའི་དབང་ཆེན་གནང་། སྟག་ཕུ་པདྨ་བཛྲ་ལས་བཀའ་གདམས་ཐིག་ལེ་བཅུ་དྲུག་དང་། བདེ་མཆོག་སོགས་ཀྱི་སྨིན་གྲོལ་མང་དུ་ཞུས། སྟག་ཕུ་གཏེར་ཆེན་གྱི་བཀའ་དྲིན་ལ་བརྟེན་གཞུང་ས་རིན་པོ་ཆེས་མཚན་གནས་བསྐྱར་གསོ་གནང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་གདན་ཞུས་དང་བཀའ་བརྒྱུད་གོང་མའི་ཆོས་བཀའ་དུ་མ་ཞུས། གོང་ས་སྐྱབས་མགོན་ཆེན་པོ་ཐུབ་བསྟན་རྒྱ་མཚོ་གསར་མཇལ་དང་གསུང་ཆོས་དུ་མ་ཞུས། གོང་ས་ཆེན་པོས་རིག་འཛིན་འབྲོང་ངུར་པ་ཞེས་གཟེངས་བསྟོད་དང་ཤེ་བམ་བཅས་གཟིགས་པ་ཆེན་པོས་བསྩལ། ལུགས་གཉིས་ཀྱི་བསླབ་བྱ་ཐུགས་བརྩེ་ཆེན་པོས་གནང་། འོག་མིན་མཚུར་ཕུ་དང་དཔལ་གྱི་འབྲི་གུང་སོགས་བཀའ་བརྒྱུད་གོང་མའི་སྒྲུབ་གནས་དུ་མར་མཇལ་དུ་ཕེབས། དཔལ་གྱི་བསམ་ཡས་ནས་གུ་རུ་རིན་པོ་ཆེའི་ཞལ་མཇལ་བ་སོགས་གསང་བའི་རྣམ་ཐར་དུ་མ་མངའ། རིག་འཛིན་ཉི་མ་གྲགས་པ་ལས་སྙིང་ཐིག་དང་གཏེར་གསར་སྐོར་དུ་མ་ཞུས། ཤག་རོང་པོ་དགོན་དུ་ཕེབས་ནས་ཕུར་ཟློག་དང་མཆོག་གི་སྤྲུལ་སྐུ་རོང་པོ་ཆོས་རྗེ་དང་ཟླ་བ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་འདུས་པ་སྐྱ་སེར་ཡོངས་ལ་གུར་དྲག་གི་དབང་ཆེན་བསྩལ། རོང་པོ་ཆོས་རྗེ་རིན་པོ་ཆེ་ལས་སྒྲོལ་དཀར་དབང་ཞིག་གསན། མེ་ལུག་ལོ་འབྲོང་ངུར་དགོན་དུ་ཕེབས་ནས་ཞི་ཁྲོ་ཕུར་གསུམ་གྱི་སྒྲུབ་པ་ཚུགས། ལོ་འབྲོང་ངུར་དགོན་གྱི་བཀའ་བརྒྱད་སྒྲུབ་པའི་དབུ་བླ་གནང་། ཞི་ཁྲོ་ཕུར་གསུམ་གྱི་དབང་ཆེན་བསྩལ།

ལྕགས་ཕག་ལོར་རྫ་དམར་དུ་ཕེབས་ནས་ཞི་ཁྲོ་ཕུར་གསུམ་གྱི་སྒྲུབ་ཆེན་ཚུགས། རྫ་དམར་འབྲོང་ངུར་པའི་བླ་བྲང་རྣམས་ཐུགས་མཐུན་པོ་དགོས་པ་དང་། དགོན་པ་ཉམས་གསོ་གནང་དགོས་པའི་བཀའ་གནང་། ཞི་ཁྲོ་ཕུར་གསུམ་གྱི་དབང་ཆེན་བསྩལ། རྩ་བའི་བླ་མ་ཛམ་དམར་ངག་དབང་རིན་པོ་ཆེ་ཞིང་དུ་ཕེབས་པའི་དགོངས་རྫོགས་ཟབ་རྒྱས་དང་། རྒྱལ་བ་ཀརྨ་པ་ལ་ཞུས་ཏེ་ཡང་སྲིད་ངོས་འཛིན་གནང་བ་སོགས་བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབས་དང་སྒྲུབ་བཞིན་པའི་སྐབས། རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོར་སྐུ་ཁམས་ཅུང་མ་དྭངས་པའི་ཚུལ་མཛད་ནས་ཞབས་བརྟན་གང་རྒྱས་བསྒྲུབས་ཀྱང་རང་རེ་བསོད་ནམས་དམན་པའི་དབང་གིས་ས་ག་ཟླ་བའི་ཚེས་བཅུའི་ཉི་ཤར་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་པའི་སྐྱོ་གདུང་བཟོད་མི་ཐུབ་ཀྱང་སླར་ཡང་མཆོག་གི་སྤྲུལ་པའི་སྨྱུ་གུ་འཁྲུངས་པར་གདོན་མི་ཟ་བས་སེམས་གསོ་བཞིན་གནས།

སྐྱེ་བ་ཀུན་ཏུ་བླ་མ་ཡིད་ལ་སྒོམ། །

དུས་རྣམ་ཀུན་ཏུ་བླ་མས་རྗེས་སུ་ཟུངས། །

བྱིན་རླབས་མཆོག་གྱུར་བླ་མའི་བྱིན་རླབས་ཞུགས། །

སྐུ་ཡི་མཆོག་གྱུར་སྐུ་གསུམ་འགྲུབ་པར་ཤོག །

ཅེས་གྲོལ་བ་བཞི་ལྡན་རྗེ་རིན་པོ་ཆེ་རིམ་བྱོན་གྱི་རྣམ་ཐར་ཞིག་འབྲི་དགོས་པར་ཛམ་དམར་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་ཀྱང་རིན་ཆེན་དང་པོ་ལྷ་རྫས་ཀྱིས་སྣ་དྲངས་ཏེ་བཀའ་ལུང་བསྩལ་བས་དགའ་སྐྱོའི་ཚོར་བ་བང་འགྲན་པ་ལྟ་བུ་བྱུང་། དེ་ཡང་། རྗེ་ཀརྨ་པ་ཆེན་པོས་བླ་མའི་རྣམ་ཐར་འབྲི་བར་བླ་མ་དང་དགོངས་མཉམ་དགོས་གསུངས་པའི་དབང་དུ་བྱས་ན་ང་ལ་དེ་ལྟའི་ནུས་པ་གང་ཡང་མེད་ཀྱང་། རྗེ་བླ་མ་དམ་པས་བརྩེ་བས་རྗེས་སུ་བཟུང་། ཆོས་ཀྱི་གདམས་པ་ཕངས་མེད་དུ་བསྩལ། དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་ཛམ་དམར་མཆོག་གི་སྤྲུལ་པའི་སྐུ་རིན་པོ་མཆོག་ནི་རྗེ་བླ་མ་དང་རྣམ་དབྱེར་མེད་པ་དེ་ཉིད་ཀྱི་བཀའི་གནང་བ་བསྩལ་བས་དང་བས་ཁས་ལེན་ཞུས་ཤིང་། རྗེ་གངས་དཀར་པའི་བཀའ་འབུམ་དང་། རྣམ་ཐར་ཆེན་མོ། རྗེ་དགུ་པ་པཎྜི་ཏ་དགེ་བའི་དབང་པོའི་བཀའ་འབུམ། སྐུ་ཕྲེང་རིམ་བྱོན་ལ་གཞུང་ས་ཆེན་མོ་ནས་བསྩལ་བའི་ཤེ་བམ་རིན་པོ་ཆེ་སོགས་ལ་ལེགས་པར་མཇལ།  སྐུ་ཕྲེང་བཅུ་པ་ཡན་གྱི་རྣམ་ཐར་འབྲོང་ངུར་པ་ཉི་མ་འོད་ཟེར་གྱིས་མཛད་པའི་ཕུར་པའི་ཆོས་འབྱུང་དུ་འཁོད་པ་ལས་བསྡུས་ཤིང་རྣམ་ཐར་ཁག་དང་གཏུགས། སྐུ་ཕྲེང་བཅུ་གཅིག་དང་བཅུ་གཉིས་བཅུ་གསུམ་གྱི་རྣམ་ཐར་རང་གྲོལ་རིན་པོ་ཆེས་ཁ་བསྐངས་མཛད་པའི་འབྲོང་ངུར་ཁྲི་གདུང་རྣམ་ཐར་ལས་བཏུས། རང་ཅག་གི་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་བཅུ་བཞི་པའི་རྣམ་ཐར་རང་གིས་མཐོང་ཐོས་གཞི་རྩར་བྱས་ལོ་ཐུབ་དབང་རིན་པོ་དང་རང་གྲོལ་རིན་པོ་ཆེ་སོགས་བཀའ་དྲི་ཞུས་ནས་སྐུ་གདུང་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་གསོལ་བ་བཏབ་ནས་མཇུག་ཡོངས་སུ་རྫོགས་པར་བྱས་པའི་མཐུས་འགྲོ་བའི་འཕྲིན་ལས་དུས་ལས་མི་ཡོལ་བའི་དམ་བཅའ་བཞིན་དུ་མཆོག་གི་སྤྲུལ་སྐུའི་རྣམ་ཅན་བདག་ཅག་གི་མགོན་དུ་བྱོན་ནས་མཛད་པ་ཉི་མའི་འོད་བཞིན་བརྡལ་བའི་སྨོན་ལམ་བཟང་པོ་བཅས། དབུ་མིང་གི་བྱིན་རླབས་ཐོབ་པ་དམ་ཆོས་སམ་གསང་མཚན་དཔེ་མེད་རྡོ་རྗེས་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་བཀའ་བརྒྱུད་འཕེལ་རྒྱས་གླིང་དུ་བྲིས་པར་དགེ་ལེགས་འཕེལ། བཀྲ་ཤིས་ཤོག།

༼ཡིག་འགོད་པའི་གསལ་བཤད།༽

རྣམ་ཐར་འདི་ལག་བྲིས་དཔེ་རྙིང་ཞིག་འདུག་པས་ཡི་གེ་ལ་ལ་རུལ་སྐྱོན་གྱིས་མཐོང་དུ་མེད་པ་དང་ཤོག་གུ་མ་ཚང་བ་དག་ཆ་ནོར་བའམ་ལོ་ཚིགས་གོང་འོག་འཁྲུགས་པའི་རིགས་སྐབས་དོན་གུག་རྟགས་(་་)འདི་འདྲའི་ནང་བཀོད་ཡོད།  རྩོམ་པ་པོ་འདི་རྩོམ་བྱང་དུ། དབུ་མིང་གི་བྱིན་རླབས་ཐོབ་པ་དམ་ཆོས་སམ་གསང་མཚན་དཔེ་མེད་རྡོ་རྗེས་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་བཀའ་བརྒྱུད་འཕེལ་རྒྱས་གླིང་དུ་བྲིས་པར་དགེ་ལེགས་འཕེལ། བཀྲ་ཤིས་ཤོག། ཅེས་པ་གཞིར་བཟུང་ན་ཕྱི་ལོ་ ༡༩༢༣ ལོར་འཚོ་བཞུགས་ཡོད་པ་ཤེས་ཐུབ་ཀྱི་འདུག།

1,228 total views, 1 views today