གང་འདྲ་ཞིག་ལ་བསམ་པ་བཟང་པོ་ཟེར།

སྤྱིར་བསམ་པ་བཟང་པོ་ཟེར་བ་ནི། དགག་ཕྱོགས་ནས་བཤད་ན། ངས་གཞན་ལ་ཕན་པ་སྒྲུབ་མ་ཐུབ་ཀྱང་གནོད་པ་མི་སྐྱེལ་ཨ་སྙམ་པའི་བསམ་བློ་དང་། སྒྲུབ་ཕྱོགས་ནས་བཤད་ན། ངས་གཞན་ལ་གནོད་པ་མི་སྐྱེལ་བའི་སྟེང་དུ་ཕན་པ་ངེས་པར་དུ་བསྒྲུབ་པར་བྱ་ཨ་སྙམ་པའི་བསམ་བློ་སྟེ། དེ་གཉིས་ཀྱི་ནང་དུ་མ་འདུས་པའི་བསམ་པ་བཟང་པོ་ཞིག་མེད། དེ་ཡང་ཤུགས་ཆེ་ཆུང་གི་དབང་དུ་བཤད་ཀྱི། དོན་དུ་གཞན་ལ་གནོད་པ་མ་བསྐྱལ་ན་གཞན་རྣམས་བདེ་སྐྱིད་ཀྱི་ངང་འཚོ་ཐུབ་པས། གཞན་ལ་ཕན་པ་ཤུགས་ལ་སྟེར་བ་དང་། གཞན་ལ་ཕན་པ་བསྒྲུབས་ན་གཞན་རྣམས་ཉེར་འཚེ་མེད་པའི་ངང་ནས་འཚོ་ཐུབ་པས། གཞན་ལ་གནོད་པ་མི་སྐྱེལ་བ་ཤུགས་ལ་བྱུང་བ་ཡིན། སྔ་མ་གཞན་ལ་ཕན་མ་ཐོགས་ཀྱང་གནོད་པ་མི་བྱེད་སྙམ་པའི་བསམ་པ་བཟང་པོ་ནི། རིམ་པ་དང་པོའམ་འོག་མ་དང་། ཕྱི་མ་གཞན་ལ་གནོད་པ་མི་བྱེད་པའི་སྟེང་དུ་ཕན་ཐོགས་པ་ཞིག་ངེས་པར་བྱ་སྙམ་པའི་བསམ་པ་བཟང་པོ་ནི། རིམ་པ་གཉིས་པའམ་གོང་མ་ཡིན་པས། ལས་དང་པོ་བ་རྣམས་ཀྱིས་དེ་ལྟར་ཞིབ་ཆ་ཕྱེས་ནས། ཐོག་མར་རིམ་པ་དང་པོ་ལ་སློབ་ཅིང་དེ་ཉིད་ཅུང་ཟད་ནར་སོན་ཚེ་རིམ་པ་གཉིས་པ་ལ་བསླབ་ན། བསམ་པ་བཟང་པོའི་ཉམས་ལེན་སྤྱི་བམ་པར་མི་འགྱུར་བ་དང་གནད་ལ་ཁེལ་བའི་དགེ་མཚན་ཡོད།

འགའ་ཞིག་གིས་བསམ་པ་བཟང་པོ་ཟེར་དུས་གཞན་ལ་ཕན་པ་སྒྲུབ་པའི་བསམ་བློ་ཙམ་ལ་གོ་བ་ལེན་སྲིད་ཅིང་། འགའ་ཞིག་གིས་བསམ་པ་བཟང་པོ་ཟེར་དུས་གཞན་ལ་ཕན་ཐོགས་ཤིག་ངེས་པར་སྒྲུབ་དགོས་སྣང་ཤར་ནས། དེ་ལས་གཞན་བསམ་པ་བཟང་པོའི་རིམ་པ་མེད་པའི་སྣང་བ་འཆར་སྲིད་པས། གཞན་ལ་ཕན་པ་སྒྲུབ་པའི་ནུས་པ་མེད་ནའང་གཞན་ལ་གནོད་པ་མི་བྱེད་པའི་ནུས་པ་ནི་སྐྱེས་ཙམ་ཉིད་ནས་འབད་མེད་ལྷུན་གྲུབ་ཏུ་ཡོད་པས། བདག་རང་ཉིད་ལ་ད་ལྟ་གཞན་ལ་ཕན་བདེ་སྒྲུབ་པའི་ནུས་པ་མ་མཆིས་ཀྱང་། གཞན་ལ་གནོད་པ་གཏན་ནས་མི་བྱེད་ཨ་སྙམ་པའི་བསམ་བློ་ཞིག་བྱུང་ན། དེ་ཡང་བསམ་པ་བཟང་པོ་ཟེར་བ་དེ་ཡིན།

བདག་ཅག་གངས་ཅན་པ་རྣམས་ཀྱི་ཆོས་དང་འཇིག་རྟེན་གྱི་ཉམས་ལེན་དང་ལག་ལེན་ཀུན་སྤྱི་བམ་པའི་ཀློང་དུ་བཙུད་ཅིང་ཚུད་པའི་ལུགས་སྲོལ་ལྟར། བསམ་པ་བཟང་པོའི་ཉམས་ལེན་འདི་ཡང་སྤྱི་བམ་པར་གྱུར་ནས། ཚང་མས་བསམ་པ་བཟང་པོ་བྱེད་དགོས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཞེས་པའི་ལུང་ཚིག་ཆུ་མ་ཎི་ལྟར་སྐྱར་ཟློས་ཡང་ཟློས་ཀྱིས་བཤད་ན་ཡང་། དོན་ངོ་མར་བསམ་པ་བཟང་པོ་ཞིབ་ཚགས་པོའི་ཐོག་ནས་ཤེས་པ་ཞིག་ཤིན་ཏུ་དཀོན་སྙམ། བསམ་པ་བཟང་པོ་ཅི་ཙམ་བཤད་ཅིང་མཉན་ཀྱང་བསམ་པ་བཟང་དུ་འགྲོ་རྒྱུ་མེད་པའང་གནད་འགག་དེར་ཐུག་ཡོད།

བསམ་པ་བཟང་པོ་བྱེད་དགོས་པ་གལ་ཆེ་ཟེར་བ་ཙམ་མ་ཡིན་པར། བསམ་པ་བཟང་པོ་ཟེར་བ་ངོ་བོ་འདི་འདྲ་ཞིག་ལ་ཟེར། བསམ་པ་བཟང་པོའི་དབྱེ་བ་དང་རིམ་པ་མི་འདྲ་བ་འདི་དང་འདི་ཡོད། བསམ་པ་བཟང་པོའི་དབྱེ་བ་དང་རིམ་པ་རྣམས་ལས་གོམ་པ་དང་པོར་འདི་དང་གོམ་པ་གཉིས་པར་འདི་དང་གོམ་པ་གསུམ་པར་འདི་སྤོ་དགོས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཚུལ་འདི་དང་འདི་ལྟར་ཡིན། བསམ་པ་ངན་ན་ས་དང་ལམ་ཡང་ངན་ཚུལ་འདི་དང་འདི་ལྟར་ཡིན། བསམ་པ་བཟང་པོས་ཚེ་འདིར་རང་གཞན་ཀུན་ལ་བདེ་སྐྱིད་སྐྲུན་རབས་སྐྲུན་ཚུལ་འདི་དང་འདི་ལྟར་རོ་ཞེས་མཚན་གཞི་དང་བཅས་རེ་རེ་ནས་སྤུ་རིས་ཕྱེས་ནས་བཤད་ཅིང་མཉན་ན། ད་གཟོད་བསམ་པ་བཟང་པོའི་ཞག་རྩི་འཐོན་ཐུབ་པས། དེ་ཐད་ཐུགས་བསམ་བཞེས་པ་གལ་ཆེ།

དེ་བཞིན་དུ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས། བརྩེ་བ། ལྷག་བསམ། ཕན་སེམས། གཞན་གཅེས་འཛིན། བསམ་པ་བཟང་པོ་རྣམས་ཀྱི་ཞིབ་ཆ་ཕྱེད་ཤེས་ན། བསམ་པ་བཟང་པོ་ལ་གང་ལ་གང་འཚམས་གོ་བ་ཕོགས་པའི་རྟགས་ཡིན། དེ་ཡང་། བསམ་པ་བཟང་པོ་ནི་སྤྱི་དང་། བྱམས་པ་སོགས་གཞན་རྣམས་དེའི་བྱེ་བྲག་ཡིན། བྱམས་སོགས་དེ་དག་ལས་ལོགས་སུ་བསམ་པ་བཟང་པོ་ཟེར་བ་རྡོག་རྡོག་གཞན་ཞིག་གཏན་ནས་མེད་ཅིང་། བསམ་པ་བཟང་པོ་ཟེར་བ་དེ་དག་ཉིད་ལ་གོ་དགོས་པ་ཡིན།

དེ་དག་གི་ངོ་བོ་གང་ཞེ་ན། གཞན་བདེ་བ་དང་ལྡན་འདོད་ཀྱི་བསམ་བློ་ཞིག་ལ་བྱམས་པ་ཟེར། གཞན་སྡུག་བསྔལ་དང་འབྲལ་འདོད་ཀྱི་བསམ་བློ་ཞིག་ལ་སྙིང་རྗེ་ཟེར། དེ་ཡང་། གཞན་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་། གཞན་བདེ་བ་དང་ལྡན་པ་ཞིག་བྱའོ་སྙམ་པ་གཉིས་ཀ་གཞན་བདེ་བ་དང་ལྡན་འདོད་ཀྱི་བསམ་བློ་ཡིན་པས་བྱམས་པ་ཡིན་པ་མཚུངས་ཀྱང་། བློ་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད། དེ་བཞིན། གཞན་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པ་དང་། གཞན་སྡུག་བསྔལ་དང་བྲལ་བ་ཞིག་བྱའོ་སྙམ་པ་གཉིས་ཀ་གཞན་སྡུག་བསྔལ་དང་འབྲལ་འདོད་ཀྱི་བསམ་བློ་ཡིན་པས་སྙིང་རྗེ་ཡིན་པ་མཚུངས་ཀྱང་། བློ་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད།

དེ་ལྟ་བུའི་བྱམས་པ་དང་སྙིང་རྗེ་གཉིས་ལྡོག་ཆ་མ་ཕྱེ་བ་ན་དགའ་བ་ཞེས་བྱ་སྟེ། གཞན་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་འདོད་པའི་བསམ་བློ་ཞིག་ལ་དགའ་བ་ཟེར། དེ་ལྟ་བུའི་བྱམས་སྙིང་རྗེ་དགའ་བ་གསུམ་ལྡོག་ཆ་མ་ཕྱེ་བ་ན་བརྩེ་བ་ཞེས་བྱ་སྟེ། བརྩེ་བ་སྤྱི་ལ་བཞག་ནས་དེའི་དབྱེ་བ་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་གསུམ་བྱུང་བ་ཡིན། དཔེར་ན། སློབ་དཔོན་འཕགས་པ་ལྷས། བཞི་བརྒྱ་པ་ལས། ཇི་ལྟར་མ་ནི་ཁྱད་པར་དུ། །ནད་ཐེབས་བུ་ལ་གདུང་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །ཞེས་དང་། རྒྱལ་སྲས་ལག་ལེན་སོ་བདུན་མ་ལས། བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ནའང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་ན། དམ་པ་མིན་ལ་ལྷག་པར་དུ་བྱམས་པ་དང་། དམ་པ་མིན་ལ་ལྷག་པར་དུ་སྙིང་རྗེ་བ་དང་། དམ་པ་མིན་ལ་ལྷག་པར་དུ་དགའ་བ་སྐྱེད་པར་མཛད་པ་བཅས་ནི། དམ་པ་མིན་ལ་ལྷག་པར་བརྩེ་ཚུལ་ཡིན་པ་བཞིན་ནོ། །

བྱམས་སྙིང་རྗེ་དགའ་བ་གསུམ་གྱི་བདག་ཉིད་ཅན་གྱི་བརྩེ་བ་དེ་ཡང་ཀུན་ལ་སྙོམས་པའི་འཛིན་སྟངས་ཅན་ཞིག་ཏུ་གྱུར་པ་ན་བཏང་སྙོམས་ཟེར། གཞན་ལ་ཉེ་རིང་ཆགས་སྡང་བཏང་ནས་བདེ་བ་དང་ལྡན་འདོད་སྡུག་བསྔལ་དང་འབྲལ་འདོད་ཀྱི་བྱམས་བརྩེའི་བསམ་བློ་སེམས་ཅན་ཀུན་ལ་སྙོམས་པས་ན་བཏང་སྙོམས་ཞེས་བྱའོ། །ལྷག་བསམ་དང་། ཕན་སེམས། གཞན་གཅེས་འཛིན་རྣམས་ནི། བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས། བརྩེ་བ་བཅས་ལྔ་ལས་གཞན་དུ་མེད་དེ། བྱམས་སོགས་དེ་དག་རང་ལས་གཞན་ལྷག་པར་འཛིན་པའི་བསམ་བློ་ཡིན་པའི་ཆ་ནས་ལྷག་བསམ། གཞན་ལ་ཕན་པར་འདོད་པའི་སེམས་ཡིན་པའི་ཆ་ནས་ཕན་སེམས། རང་ལས་ཀྱང་གཞན་གཅེས་པར་འཛིན་པའི་ཆ་ནས་གཞན་གཅེས་འཛིན་ཅེས་ངོ་བོ་གཅིག་ལ་ལྡོག་ཆ་ཐ་དད་ནས་བྱམས་པ་སོགས་ལྔ་པོ་དེར་ལྷག་བསམ་སོགས་མིང་སོ་སོར་བཏགས་པ་ཡིན།

ད་དུང་ཞིབ་ཏུ་ཕྱེ་ན། བྱམས་པ་དང་ཕན་སེམས་གཉིས་དོན་གཅིག །ལྷག་བསམ་དང་གཞན་གཅེས་འཛིན་གཉིས་དོན་གཅིག །སྒྲ་དོག་པའི་དབང་དུ་བྱས་ན། བརྩེ་བ་དང་སྙིང་རྗེ་གཉིས་ལ་ཁྱབ་ཆེ་ཆུང་ཡོད་ཀྱང་། སྒྲ་ཡངས་པའི་དབང་དུ་བྱས་ནས། བརྩེ་བ་དང་སྙིང་རྗེ་གཉིས་དོན་གཅིག་ཏུ་བཤད་པའང་ཡོད། བྱམས་པ་ཡིན་ན་ལྷག་བསམ་ཡིན་པས་ཁྱབ་ཀྱང་། ལྷག་བསམ་ཡིན་ན་བྱམས་པ་ཡིན་པས་མ་ཁྱབ་སྟེ། སྙིང་རྗེ་ལྟ་བུའོ། །དེ་བཞིན་སྙིང་རྗེ་སོགས་ལའང་རིགས་བསྒྲེ་ཞིང་། བྱམས་པ་ཡིན་ན་ཕན་སེམས་དང་གཞན་གཅེས་འཛིན་ཡིན་པས་ཁྱབ་ཀྱང་། ཕན་སེམས་དང་གཞན་གཅེས་འཛིན་ཡིན་ན་བྱམས་པ་ཡིན་པས་མ་ཁྱབ་སྟེ། སྙིང་རྗེ་ལྟ་བུའོ། །

དེ་དག་ཐམས་ཅད་ཚུར་བསྡུས་ན། བྱམས་པ་དང་སྙིང་རྗེ་གཉིས་སུ་བསྡུ། བྱམས་པ་དང་སྙིང་རྗེ་གཉིས་པོའང་ཚུར་བསྡུས་ན། བརྩེ་བ་གཅིག་ལ་བསྡུ། དེས་ན་བརྩེ་བ་ནི་སེམས་པ་བཟང་པོའི་རྒྱུ་ཡང་ཡིན་ལ་འབྲས་བུའང་ཡིན། མ་ཟད་ངོ་བོའང་ཡིན་ནོ། །བརྩེ་བ་སྤངས་པའི་ཕ་རོལ་ན་སེམས་པ་བཟང་པོ་ཟེར་བ་ཞིག་ཡོང་ཐབས་མེད་པས། བརྩེ་བ་ནི་ཀུན་གྱི་རྩ་བ་ཡིན།

དེ་ལྟ་བུའི་བརྩེ་བ་དེ་ལའང་། འཇིག་རྟེན་པའི་དབང་དུ་བཏང་བའི་བརྩེ་བ་དང་། དམ་པའི་ཆོས་ཀྱི་དབང་དུ་བཏང་བའི་བརྩེ་བ་གཉིས་སུ་ཡོད་པའང་ཤེས་དགོས་པ་གལ་ཆེ་སྟེ། སྔ་མ་དྲི་བཅས་ཀྱི་བརྩེ་བ་དང་། ཕྱི་མ་དྲི་མེད་ཀྱི་བརྩེ་བ་བཅས་སུ་ཐ་སྙད་འདོགས་ཆོག །རྒྱལ་སྲས་བྱང་ཆུབ་སེམས་དཔའི་བཟང་པོའི་སྤྱོད་པའི་གྲས་སུ་ཡོད་པའི་བརྩེ་བ་ནི། དྲི་མེད་ཀྱི་བརྩེ་བ་ལ་གོ་དགོས་པ་ལས། དྲི་བཅས་ཀྱི་བརྩེ་བ་ལ་གཏན་ནས་གོ་མི་རུང་། དྲི་བཅས་ཀྱི་བརྩེ་བས་འབྲས་བུ་དྲི་བཅས་ཀྱི་བདེ་སྐྱིད་འདྲེན་པ་དང་། དྲི་མེད་ཀྱི་བརྩེ་བས་འབྲས་བུ་དྲི་མེད་ཀྱི་བདེ་སྐྱིད་འདྲེན་པ་ཡིན་པས། གཉིས་ཀ་བདེ་སྐྱིད་ཀྱི་རྒྱུ་ཡིན་པ་མཚུངས་ཀྱང་། དྲི་མེད་ཀྱི་བདེ་སྐྱིད་ཅིག་དགོས་ན། ངེས་པར་དུ་དྲི་མེད་ཀྱི་བརྩེ་བ་དགོས་པ་ཡིན་ནོ། །

དེ་ལྟ་བུའི་བརྩེ་བ་དེ་ཉིད་གང་ཞིག་བརྩེ་བར་བྱ་བའི་ཡུལ་དེར་གནོད་པ་མི་བྱེད་པའམ་ཕན་པ་སྒྲུབ་པའི་བསམ་བློ་བཟང་པོ་ཞིག་ཡིན་པའི་ལྡོག་ཆ་ནས། དེ་ཉིད་ལ་མིང་གཞན་བསམ་པ་བཟང་པོ་ཞེས་བཏགས་པ་ཡིན། གང་ཞིག་བརྩེ་བར་བྱ་བའི་ཡུལ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀར་གོ་དགོས་པ་སྟེ། སྲོག་ལྡན་གྱི་སེམས་ཅན་གཅིག་པུར་གོ་ན་ཁྱབ་ཆུང་བའི་སྐྱོན་ཡོད།

དེས་ན། ཕྱིའི་ཁོར་ཡུག་ལ་བརྩེ་བ། ནང་གི་སེམས་ཅན་ལ་བརྩེ་བ། དེ་ཡང་། ལྗོན་ཤིང་ལ་བརྩེ་བ། ཁང་པ་ལ་བརྩེ་བ། ཆོས་ལ་བརྩེ་བ། རིག་གཞུང་ལ་བརྩེ་བ། རིག་པའི་གནས་ལ་བརྩེ་བ་སོགས་སེམས་ལྡན་མ་ཡིན་པ་ལ་བརྩེ་བ་དང་། མི་ལ་བརྩེ་བ། དུད་འགྲོ་ལ་བརྩེ་བ། ཡི་དྭགས་ལ་བརྩེ་བ། ལྷ་ལ་བརྩེ་བ། འདྲེ་ལ་བརྩེ་བ། བདུད་ལ་བརྩེ་བ་སོགས་སེམས་ལྡན་གྱི་གང་ཟག་ལ་བརྩེ་བ་བཅས། བརྩེ་བའི་རིགས་གཉིས་སུ་ཡོད་པ་ལྟར། བསམ་པ་བཟང་པོ་ལ་ཡང་དེ་དེ་བཞིན་དུ། ཕྱིའི་ཁོར་ཡུག་ལ་བསམ་པ་བཟང་བ་དང་། ནང་གི་སེམས་ཅན་ལ་བསམ་པ་བཟང་བ་སོགས་རིགས་བསྒྲེས་ནས་ཤེས་དགོས།

བསམ་པ་བཟང་པོ་ཟེར་དུས་སྲོག་ལྡན་སེམས་ཅན་གཅིག་པུ་ལ་བསམ་པ་བཟང་པོ་བྱེད་དགོས་པའི་སྣང་བ་འཆར་སྲིད་པས། དེ་ལྟར་མིན་པར་སྲོག་ཆགས་གྲོག་མ་ཆུང་ངུ་ཞིག་ཚུན་ཆད་ལ་བསམ་པ་བཟང་པོ་བྱེད་དགོས་པ་བཞིན། སྲོག་མེད་རྩྭ་ཉག་མ་གཅིག་ཚུན་ཆད་ལའང་བསམ་པ་བཟང་པོ་བྱེད་དགོས་པ་ཡིན་ནོ།།

འབྲོང་ངུར་ཆོས་རྗེས་བཟང་སྤྱོད་འགྲེལ་ཆེན་དོན་གཉིས་ལམ་བཟང་ལས་སོ།།

1,450 total views, 4 views today