ནགས་སྟོད་མེ་མོ་བྲག་དཀར།

འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ལས། གསུང་གི་གནས་མཆོག་ནགས་སྟོད་མེ་མོ་བྲག་དཀར་ནི། དེང་བོད་ལྗོངས་ཀྱི་འབྲི་རུ་རྫོང་གི་ཤག་ཆུ་དང་སྦྲ་ཆེན་རྫོང་གཉིས་ཀྱི་མཚམས་སུ་ཆགས་ཡོད། རི་འདི་ལོ་རྒྱུས་ཤིན་ཏུ་རིང་ཞིང་ངོ་མཚར་གྱི་བཀོད་པ་རབ་ཏུ་བཀྲ། པདྨ་བཀའ་ཐང་ལས། མཁའ་འགྲོའི་ཕུག་པར་ཟླ་བ་བཞི། །ཞེས་གསུངས་པ་ལྟར་གུ་རུ་པདྨ་འབྱུང་གནས་ཟླ་བ་བཞི་བཞུགས་པའི་སྒྲུབ་གནས་དང་། སློབ་དཔོན་ཆེན་པོའི་ལུང་བཞིན་འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་རྒྱལ་བ་གངས་པ་རིན་ཆེན་འོད་ཟེར་གྱིས་གནས་ཡུལ་སྒོ་མོ་ཕྱེས་ཏེ་སྐུ་ཕྲེང་རིམ་བྱོན་གྱིས་བྱིན་གྱིས་བརླབས། ལྷག་པར་དུ་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་སེམས་དཔའ་ཆེན་པོ་གྲུབ་དབང་བསྟན་འཛིན་འགྲོ་འདུལ་ཞབས་ཀྱིས། སྤྱི་ལོ་ 1969 ལོར་ཡུན་རིང་བཞུགས་ཏེ་བོད་ལྗོངས་སྐྱེ་འགྲོའི་བདེ་རྩར་དགོངས་ཏེ་འབྲོང་ལུགས་ཟབ་ཆོས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་སྒྲུབ་པ་གནང་བའི་གནས་མཆོག་བླ་མེད་ཅིག་ཡིན་ལ། རྒྱས་པར་མཁྱེན་འདོད་ན་རྗེ་འབྲོང་ངུར་དགུ་པས་མཛད་པའི་གནས་ཡིག་དང་། རྗེ་བཅོ་ལྔ་པའི་སྟོང་ཉིད་ལུང་བསྟན་དང་རྡོ་རྗེའི་བརྡ་རྟགས་སོགས་ལ་གསལ་བས་གཟིགས་པར་ཞུ།

707 total views, 1 views today

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ།