གསོལ་བ་འདེབས་པ་འདོད་འཇོ་ཆར་གྱི་ཟེགས་མ།

༄༅། །མཁས་ཤིང་གྲུབ་པའི་དབང་ཕྱུག་རྒྱལ་བ་གངས་དཀར་བ་རིན་ཆེན་འོད་ཟེར་ཞབས་ལ་གསོལ་བ་འདེབས་པ་འདོད་འཇོ་ཆར་གྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ།།
སྟོན་བརྒྱའི་གཙུག་རྒྱན་མཉམ་མེད་ཤཱཀྱའི་གཙོ།།
མུ་མེད་འཁོར་བ་ཐར་བྱེད་ལུང་རྟོགས་ཆོས།།
མ་འདྲིས་འགྲོ་བའི་མཛའ་བཤེས་འཕགས་དགེ་འདུན།།
དཀོན་མཆོག་རིན་ཆེན་གསུམ་གྱིས་ཤིས་པ་སྩོལ།།

དཔལ་ལྡན་བླ་མའི་བྱིན་རླབས་སྤྲིན་ཆེན་འཁྲིགས།།
ཡི་དམ་མཁའ་འགྲོའི་དངོས་གྲུབ་སྦྲང་ཆར་འཇོ།།
དམ་ཅན་ཆོས་སྲུང་ཕྲིན་ལས་འདོད་རྒུར་བསྒྱུར།།
རྩ་གསུམ་རྒྱ་མཚོས་དགེ་ལེགས་ཤིས་པ་སྩོལ།།

སྔོན་ཚེ་སངས་རྒྱས་མར་མེ་མཛད་ཀྱི་ཚེ།།
ཉ་པའི་ཚུལ་བཟུང་སྤང་ལེབ་འཛིན་དུ་གྲགས།།
ཉམ་ཐག་རིགས་ཀྱི་མགོན་དང་དཔུང་གཉེན་མཛད།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

ད་དུས་སྟོན་མཆོག་བུ་རམ་ཤིང་པའི་དུས།།
ཧ་ལུ་པ་ཞེས་བྲམ་ཟེའི་སྐྱེ་བ་བཞེས།།
མ་དག་འགྲོ་ལ་དག་པའི་ལམ་བཟང་སྟོན།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

བསིལ་ལྡན་ལྗོངས་སུ་ཁྲི་སྲོང་ལྡེ་བཙན་རིང་།།
གུ་རུའི་སྲས་མཆོག་ཡེ་ཤེས་སྙིང་པོར་གྲགས།།
ཞི་ཁྲོ་ཕུར་གསུམ་གྲུབ་པའི་ས་མཐོར་གཤེགས།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

དག་དང་མ་དག་སྣ་ཚོགས་སྤྲུལ་པའི་སྐུས།།
རྟག་ཁྱབ་ལྷུན་འགྲུབ་ཕྲིན་ལས་རྣམ་པ་བཞིས།།
གང་ལ་གང་འདུལ་སྐྱེ་བའི་ཕྲེང་བ་བརྒྱུད།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

དེ་རྗེས་ཤངས་ཡུལ་གྱ་པར་ཁྱུང་པོའི་གདུང་།།
ཕུར་པའི་གྲུབ་བརྙེས་རྒྱུན་མར་བྱོན་སྲས་སུ།།
རྨད་བྱུང་གཟུགས་སྐུའི་བཀོད་པ་སླར་ཡང་བཞད།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

མཁྱེན་པའི་བློ་གྲོས་ངོ་མཚར་བྱང་ཆུབ་སེམས།།
བཅོས་མིན་ངེས་འབྱུང་ཚུལ་ཁྲིམས་ལ་སོགས་པ།།
རང་བཞིན་ལྷན་སྐྱེས་རིན་ཆེན་འོད་ཟེར་གྲགས།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

ཡབ་ཆོས་ཟབ་མོ་ཞི་ཁྲོ་ཕུར་པ་གསུམ།།
ཀུན་བཟང་ཐུགས་ཀྱི་ཐིག་ལེ་ཉིད་བཞུགས་ཀྱང་།།
རྟེན་འབྲེལ་དབང་གིས་དུས་མཁྱེན་ཞབས་ལ་གཏུགས།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

འབྲི་གུང་ཆོས་རྗེ་རྨོག་ལྕོགས་ལ་ཡག་པ།།
མདོ་བོ་རས་པ་ཁ་ཆེ་པཎ་ཆེན་སོགས།།
བཤེས་གཉེན་མང་བསྟེན་ལུང་གི་བང་མཛོད་འཛིན།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

ཇོ་མོ་གངས་ཀྱི་དཀར་ལེབས་ཕུག་པ་རུ།
ཐོས་དོན་སྒྲུབ་ལ་རྩེ་གཅིག་ཐུགས་གཞོལ་བས།།
གངས་དཀར་བར་གྲགས་རྟོགས་པའི་ནམ་འཕང་བཅད།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

ངོ་མཚར་འབྲོང་གིས་སྒྲུབ་ཁང་སྒོ་བརྡུངས་ནས།།
ལྷོ་ནུབ་རྒྱ་མཚོའི་ཕ་རོལ་སྤྱན་དྲངས་པས།།
ཐུན་མིན་ཨོ་རྒྱན་དཔལ་རིའི་ཞིང་མཆོག་མཇལ།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

ཨོ་རྒྱན་པདྨས་ཉིད་ཀྱི་མགུལ་ཕུར་དང་།།
མཚན་མ་རྫས་ཀྱི་ཕུར་པ་སྣ་ཚོགས་བཅས།།
མ་འོངས་ལུང་བསྟན་ཇི་བཞིན་མངོན་དུ་འགྱུར།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

མཁས་དང་གྲུབ་པའི་ཐེམ་སྐས་རིམ་འཛེགས་ཀྱིས།།
དུས་གསུམ་མཁྱེན་པ་རང་དང་སྤངས་རྟོགས་ཡོན།
རྣམ་དབྱེར་མ་མཆིས་བུ་ཆེན་བཅུ་གསུམ་གཙོ།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

རིགས་ཀྱི་བདག་པོས་ཆོས་རྗེའི་མཚན་དང་བཅས།།
གང་གི་རྒྱལ་ཚབ་ཐུ་བོར་མངའ་གསོལ་བས།།
འོག་མིན་མཚུར་ཕུའི་ཁྲི་རབས་བཞི་པ་མཛད།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

ཨོ་རྒྱན་པདྨའི་དག་སྣང་ལུང་བསྟན་བཞིན།།
བསྟན་འགྲོའི་དོན་གཟིགས་ནགས་སོག་ཡུལ་དུ་ཕེབས།།
གུ་རུའི་སྒྲུབ་ཕུག་མེ་མོའི་གནས་ཞལ་ཕྱེས།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

རྩ་གསུམ་རྒྱ་མཚོ་སྤྲིན་ཕུང་འཐིམས་པ་བཞིན།།
ཞལ་མཇལ་ངོ་མཚར་གནས་ཀྱི་གཟིགས་མོར་རོལ།།
མཆོག་དང་ཐུན་མོང་གྲུབ་པའི་རྟགས་མཚན་རྫོགས།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

བཤད་དང་སྒྲུབ་གནས་འབྲོང་བུ་དགོན་གསར་རྙིང་།།
སོག་ཤོད་ཙན་དན་ཝ་ཐང་འབྲོང་ངུར་དགོན།།
རིམ་བཞིན་བཏབ་སྟེ་རྒྱལ་བསྟན་ཕྱོགས་མཐར་སྤེལ།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

མདོར་ན་ཚུལ་གནས་ཐོས་བསམ་སྒོམ་པ་གསུམ།།
ཡ་བྲལ་མ་གྱུར་སྒོ་རིམ་མ་འཆོལ་བར།།
བདག་གིར་བཞེས་པའི་རྣམ་ཐར་གཅིག་ཏུ་མཛེས།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

ཟླ་བྲལ་བཤེས་གཉེན་དགོངས་པའི་ཐུགས་ཟིན་ཅིང་།།
རྒྱ་ཆེན་སྡེ་སྣོད་ཟབ་མོའི་བསླབ་པ་གསུམ།།
མ་ལུས་ཁོང་ཆུད་ཡོངས་རྫོགས་ཆོས་ཀྱི་རྗེ།།
རྒྱལ་བ་སྒང་པའི་ཞབས་ལ་གུས་ཕྱག་འཚལ།།

འདོད་ཡོན་རྣམ་ལྔ་ཕྱི་ཡི་མཆོད་པ་དང་།།
དད་དམ་གཡོ་མེད་རྨད་བྱུང་ནང་གི་མཆོད།།
བདུད་རྩི་ལྔ་སོགས་གསང་བའི་མཆོད་པ་རྣམས།།
འབུལ་བར་བགྱིའོ་དགྱེས་བརྩེས་བཞེས་སུ་གསོལ།།

ལུང་རྟོགས་བསྟན་ལ་ཐོས་བསམ་སྒོམ་པ་སོགས།།
མཆོད་པའི་ནང་གི་ཕུལ་བྱུང་སྒྲུབ་པའི་མཆོད།།
ལུས་ངག་ཡིད་དང་དུས་གསུམ་དགེ་རྩར་བཅས།།
མགོན་པོ་གང་གི་ཐུགས་དགོངས་རྫོགས་ཕྱིར་འབུལ།།

བསམ་ངན་སྦྱོར་རྩུབ་མི་དགེའི་སྡིག་པ་བཤགས།།
སྦྱིན་སོགས་གཞན་ཕན་ལས་ལ་རྗེས་ཡི་རངས།།
བསྟན་འཛིན་སྐྱེས་རྣམས་ཆོས་འཁོར་སྐོར་བཞིན་དུ།།
ཞབས་པད་བརྟན་ཕྱིར་དཀར་པོའི་ལས་ཀུན་བསྔོ།།

དེ་ལྟར་ཁྱེད་ལ་གསོལ་བཏབ་བྱིན་རླབས་དང་།།
དད་དམ་སླུ་མེད་རྟེན་འབྲེལ་ནུས་མཐུ་ཡིས།།
འགྲོ་རྣམས་ལས་འབྲས་བླང་དོར་ཚུལ་བཞིན་སྤྱོད།།
ཆོས་ལྡན་བདེ་སྐྱིད་ཡུན་དུ་འཚོ་བར་ཤོག།

སྙིགས་ལྔའི་འགྲོ་རྒྱུད་རྟེན་འབྱུང་ལྟ་བས་ཟིན།།
འཚེ་མེད་ཞི་བདེའི་སྤྱོད་པར་ཡི་དམ་བྱེད།།
བྱམས་དང་བརྩེ་བའི་འོ་ཞོ་རྟག་ཏུ་འཐུང་།།
ཕུ་ནུ་མིང་སྲིང་ལྟར་དུ་འཚོ་བར་ཤོག།

རང་གཞན་མི་མཐུན་རྒུད་ཚོགས་འབྱུང་བའི་གཞི།།
ཆགས་སྡང་ཁོང་ཁྲོ་ཕྲག་དོག་འགྲན་སེམས་སོགས།།
བསྐལ་མེ་ལྟ་བུའི་ཚ་རླབས་ལས་སྐྱོབ་པའི།།
དམ་ཆོས་ཆར་རྒྱུན་བསིལ་བས་འཚོ་བར་ཤོག།།

བདག་ཀྱང་ཉིད་ལྟར་ཐོས་བསམ་མཐའ་རུ་སོན།།
ནགས་ཁྲོད་རི་ཁྲོད་དབེན་པའི་རི་སུལ་དུ།།
ཐོས་དོན་ཉམས་ལེན་སྒྲུབ་ལ་གཞོལ་བ་ཡིས།།
སྒྲུབ་བརྒྱུད་གོང་མའི་ཕ་ཤུལ་ཟིན་པར་ཤོག།

མཐོང་བ་ཙམ་གྱིས་མིག་གི་བདུད་རྩིར་འགྱུར།།
ཐོས་པ་ཙམ་གྱིས་རྣ་བའི་བུ་རམ་ཉིད།།
བཀྲ་ཤིས་བདེ་ལེགས་ཕུན་ཚོགས་གཡང་འཁྱིལ་བས།།
མཐོང་ཐོས་དྲན་རེག་ཡིད་དགས་འཚོ་བར་ཤོག།

མགོན་པོ་གང་གི་བྱིན་རླབས་སྙིང་ལ་ཞུགས།།
བསྡུ་དངོས་རྣམ་བཞིས་གཞན་ཕན་ལས་ལ་བརྩོན།།
བསམ་པའི་དོན་ཀུན་གེགས་མེད་ཡིད་བཞིན་འགྲུབ།།
དལ་འབྱོར་མི་ལུས་སྙིང་པོ་ལོན་པར་ཤོག།

བཟང་ངན་འབྲེལ་ཐོགས་མ་གྱུར་འགྲོ་བ་ཀུན།།
ཚེ་འདིར་ཅི་བསམ་དོན་འགྲུབ་བདེ་ཞིང་སྐྱིད།།
ཕྱི་མ་བདེ་ཆེན་ཞིང་སྐྱེས་ཆོས་དང་མཇལ།།
མྱུར་དུ་འཚང་རྒྱ་འགྲོ་དོན་དཔག་མེད་ཤོག།

ཅེས་པའང་འབྲོང་ངུར་ཕོ་ཉ་བསྟན་འཛིན་ལམ་བཟང་གིས་བསྐུལ་བ་ལྟར། རྒྱལ་བ་འབྲོང་ངུར་ཆོས་རྗེ་གངས་པ་རིན་ཆེན་འོད་ཟེར་གང་གི་སྐྱེ་གྲལ་དུ་ཚུད་པའི་ངེས་དོན་བསྟན་པའི་རྒྱལ་མཚན་གྱིས། སྤྱི་ལོ་ ༢༠༡༣ ཟླ་ ༠༣ ཚེས་ ༠༦ ཉིན། གནས་མཆོག་རྡོ་རྗེ་གདན་དུ་བྲིས་ཤིང་གསོལ་བ་བཏབ་པ་དགེའོ།།

459 total views, 1 views today

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ།