བསམ་གྱིས་མི་ཁྱབ་པ།

གླེང་གཞི། གནའ་བོའི་དུས་སུ་མུ་སྟེགས་རྒྱང་འཕེན་པ་དང་དེང་གི་དུས་སུ་མུ་སྟེགས་ཚན་རིག་པ་གཉིས་ལས་གཞན་བསམ་གྱིས་མི་ཁྱབ་པ་ཞེས་པ་འདི་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་ཞིག་ཧ་ཅང་དཀོན་པ་ལྟར། ངེད་ཅག་ནང་པ་སངས་རྒྱས་པ་རྣམས་ཀྱང་སྟོན་མཆོག་ཐུབ་པའི་དབང་པོ་ནས་ད་ལྟའི་བར་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ཡང་ཡང་ནན་ཏན་གྱིས་གསུངས་པ་ལྟར་དེ་དེ་བཞིན་བསམ་གྱིས་མི་ཁྱབ་པའི་གནད་དོན་སེམས་གཏིང་ནས་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཞིག་ཆགས་ཡོད། སྤྱིར་ནང་པ་སངས་རྒྱས་པ་ཞིག་དང༌། ཁྱད་པར་དུ་ཐེག་པ་ཆེན་པོ་བ་ཞིག དེ་ལས་ཀྱང་གསང་བ་སྔགས་ཀྱི་སྒོར་ཞུགས་པ་ཞིག་ཡིན་ནས་བཟུང་ངེས་པར་དུ་བསམ་གྱིས་མི་ཁྱབ་པའི་གནད་དོན་དུ་མ་ཞིག་ཡུལ་གྱི་གཤིས་ལུགས་ལ་གྲུབ་ཡོད་པར་སེམས་གཏིང་ནས་ཡིད་ཆེས་སམ་ཐོས་བསམ་ལ་བརྟེན་ནས་གོ་མྱོང་རྟོགས་གསུམ་ཡོད་དགོས་པ་ནི་ཤིན་ཏུ་གལ་ཆེ། གཏིང་ཟབ་ས་ནས་བཤད་ན། གང་ཞིག་བསམ་གྱིས་མི་ཁྱབ་པའི་གནས་ལ་མི་དད་པའམ་ཁས་ལེན་མི་བྱེད་པ་ཞིག་ཡིན་ནས་བཟུང་གང་ཟག་དེ་ནང་པའི་གཟུགས་བརྙན་ཙམ་ཡིན་པར་ཚིག་ཐག་ཆོད་པོས་ཤོད་ཐུབ་ཅིང༌། ལྷག་པར་དུ་དུས་རབས་འདིར་ནང་པ་སངས་རྒྱས་པ་ཁམས་གཙང་ཞིག་ཡིན་མིན་ཡང་བསམ་གྱིས་མི་ཁྱབ་པའི་གནས་ལ་གོ་བ་རྣལ་མ་རེ་ལྡན་མིན་ལ་བལྟས་ནས་ཀྱང་བརྗོད་ཆོག

གང་ཟག་དེ་ནང་པ་དང་ཕྱི་པ་ཚན་རིག་པ་སོགས་ཡིན་མིན་ནི་གང་ཟག་དེའི་གཞི་རྩའི་ཐུན་མིན་ལྟ་གྲུབ་སྟེ་བསམ་བློའི་འཁྱེར་སོ་ཡི་ཐོག་ནས་འཇོག་པ་ལས། ལག་རྩལ་ཡོད་མེད་དང་འཛུགས་སྐྲུན་གཉེར་མིན། གོས་ཀྱི་ཁ་དོག་དང་ཕྱིའི་རྣམ་པ་སོགས་ལ་བརྟེན་ནས་འཇོག་མི་ཐུབ་པ་སྟེ། ཕྱྀའི་ཆས་གོས་སུ་ཆོས་གོས་རྣམ་གསུམ་གྱོན་ཡང་ནང་གི་བསམ་བློའི་ལྟ་བ་འཁྱེར་སྟངས་དེ་དཔེར་ན་ཚན་རིག་དང་ཚན་རིག་པའི་ལྟ་གྲུབ་རྩལ་ཏུ་བཏོན་ཅིང་རྣམ་ཀུན་སེམས་ནས་ཚན་རིག་པས་བཤད་པ་གཙོ་ཆེར་བདེན་པ་བདེན་ཐུབ་ཏུ་རྩི་བ་པོ་ཡིན་ཚེ་དེ་ནི་ནང་པ་སངས་རྒྱས་པའི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་ཞིག་ཡིན། དེ་ལས་ཀྱང་ངུར་སྨྲིག་གི་རྒྱལ་མཚན་མི་འཆང་བར་ལག་རྩལ་འཛུགས་སྐྲུན་སོགས་ཆེད་གཉེར་བྱེད་པ་པོ་ཞིག་ཡིན་ནའང༌། ནང་བསམ་བློའི་འཁྱེར་སོར་ནང་ཆོས་ཀྱི་རྨད་དུ་བྱུང་བའི་ལྟ་སྒོམ་སྤྱོད་འབྲས་དག་ལ་སེམས་གཏིང་ནས་ཡིད་ཆེས་དང་དད་གུས་ལྡན་པ་ཞིག་ཡིན་ན། དེ་ནི་ནང་པ་སངས་རྒྱས་པའི་མཚན་གཞི་རྣམ་དག་ཏུ་འཇོག་འོས།

ཕྱི་ནས་ནང་པའི་དགེ་སྦྱོང་དུ་སྣང་ཡང་ནང་ནས་ནང་པའི་ཆོས་ཀྱི་ལྟ་གྲུབ་ལས་རིང་དུ་གྱུར་པའི་གདོང་དམར་རིགས་གཏོགས་ཀྱི་ནང་པ་མི་ཉུང་བ་ཞིག་མངོན་གསལ་ཐོག་འབྱུང་བཞིན་པའི་སྣང་ཚུལ་ཡ་མཚན་ཅན་དེ་དག་ནི། ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང༌། །ཞེས་རྟག་ཏུ་ཁ་ཏོན་ཡི་དམ་དུ་བྱེད་པའི་བདག་དང་བདག་ལྟ་བུས་བལྟས་ན་མཚན་ལྟས་བཟང་པོ་ཞིག་གཏན་ནས་མིན། གནས་ཚུལ་ཡ་མཚན་ཅན་དེ་དག་འབྱུང་གཞིའི་རྩ་བ་དེ་ཡང་དངོས་པོའི་གཤིས་སུ་གྲུབ་ཚད་ང་ཚོའི་བྱིས་བློ་ཚུར་མཐོང་བ་འདིས་བསམ་གྱིས་ཁྱབ་དགོས་པར་སྙམ་པ་དེར་ཐུག རང་གི་བསམ་བློའི་ནུས་ཤུགས་ཀྱིས་མ་འདངས་པར་བསམ་གྱིས་ཁྱབ་མ་ཐུབ་པའམ་ཁྱབ་མི་ཐུབ་པའི་ཞན་སྐྱོན་ལ་མི་ལྟ་བར་རྒྱལ་བའི་བཀའ་དང་ནང་པའི་ཡབ་ཆེན་རྣམས་ཀྱི་བསྟན་བཅོས་ཆེན་མོ་དག་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཅོ་འདྲི་བར་བྱེད་པའི་ཤཱཀྱའི་རྗེས་འཇུག་སྙིང་སྟོབས་ཅན་དེ་དག་མཐོང་ཐེངས་རེ་རེར། ངའི་བསྟན་པ་འདི་ང་དང་ང་འདྲ་བ་དག་གིས་མ་གཏོགས་འཇིག་མི་ནུས་པར་གསུངས་པའི་བདག་ཅག་གི་སྟོན་པའི་ཞལ་གསུང་དེ་ལྷང་ལྷང་དྲན་ཡུལ་དུ་གྱུར་ཏེ་དངངས་འཚབ་སྐྱེ་ལ། ནང་པའི་གཞུང་ལུགས་ཆེན་མོར་ཡུན་རིང་སློབ་སྦྱོང་བྱས་དང་བྱེད་བཞིན་པ་དག་ལའང་ཚན་རིག་དང་ཚན་རིག་པའི་བསམ་བློའི་དབང་བསྒྱུར་གྱི་བསམ་འབུ་ཐུ་པོ་ཆེ་ཞིག་ཐེབས་ཀྱིན་པའི་ཚོར་སྣང་ཟབ་མོ་བྱུང༌། ཤེས་བྱར་སྲིད་ཚད་ནར་མ་སོན་པའི་རང་གི་བྱིས་བློ་འདིས་ཁྱབ་དགོས་པ་དང་དེ་ལྟར་རང་གི་བློ་ཡུལ་ལས་འདས་པ་རེ་ཐོས་ཚེ་མེད་པ་དང་མ་ཡིན་པར་ཐག་གཅོད་བྱེད་པའི་ནང་པའི་རྗེས་འཇུག་དགེ་སྦྱོང་དག་ཀྱང་སྣང་ལ། ད་དུང་ཁ་ཅིག་གིས་རང་གི་བློས་བསམ་གྱིས་མི་ཁྱབ་པ་གང་ཞིག་ཐོས་ཚེ་དེ་ནི་དེ་ལྟར་གཏན་ནས་ཡིན་མི་ཆོག་པ་དང་ཡོད་མི་ཆོག་པར་ཨུ་ཚུགས་བྱེད་མཁན་ཡང་མཐོང༌། གལ་ཏེ་བསམ་གྱིས་མི་ཁྱབ་པའི་གནས་ལ་གོ་མྱོང་རྟོགས་པ་ཅི་རིགས་པ་ཞིག་སྐྱེད་མ་ཐུབ་ཚེ་ནམ་ཞིག་ཕྱིའི་བསམ་བློའི་དབང་བསྒྱུར་དེ་ཉིད་ཆེས་ཆེར་འཕེལ་ངེས་སུ་མཐོང་བས། དེ་ནི་ང་ཚོའི་བསྟན་པ་འདིར་བཀྲ་ཤིས་པ་ཞིག་གཏན་ནས་མིན། དེའི་ཕྱིར་ནང་པའི་མདོ་རྒྱུད་བསྟན་བཅོས་དག་ལས་བསམ་གྱིས་མི་ཁྱབ་པའི་སྐོར་སྣ་ཚོགས་པ་ཞིག་གསུངས་པ་ཐམས་ཅད་གླེང་ཁོམ་མ་མཆིས་ཀྱང༌། བསྟན་དང་སྟོན་པ་གཅིག་པའི་མཆེད་གྲོགས་རྣམས་ལ་བསམ་གཞིག་གི་ས་བོན་ཙམ་དང་བསམ་གྱིས་མི་ཁྱབ་པའི་གནས་ལ་ཡིད་ཆེས་དགོས་པ་ཤིན་ཏུ་གནད་འགག་ཡིན་པའི་དོ་སྣང་ཙམ་འདྲེན་པའི་ཆེད་དུ་མདོ་སྡེ་དཀོན་ཅོག་བརྩེགས་པ་ལས་གསུངས་པའི་བསམ་གྱིས་མི་ཁྱབ་པ་དག་ཅུང་ཟད་གླེང་འདོད་བྱུང༌། དེ་ཡང་རྒྱལ་སྲས་ཞི་བ་ལྷས། སྤྱོད་འཇུག་ལས། གཉིས་ཀ་ཡང་ནི་འདོད་པའི་དཔེས། །ཞེས་གསུངས་པ་ལྟར་དེང་དུས་རང་གཞན་ཕྱི་ནང་ཐམས་ཅད་ལ་ཐུན་མོང་ཡོངས་གྲགས་སུ་གྱུར་པའི་གནས་དོན་འགའ་ཞིག་དཔེ་མཚོན་དུ་བཀོད་པའི་སྒོ་ནས་བསམ་གྱིས་མི་ཁྱབ་པའི་གནད་དོན་འགྲེལ་བརྗོད་བྱ་རྒྱུ་ནི་གང་ལ་གོ་མྱོང་རྟོགས་གསུམ་ཅི་རིགས་སྐྱེ་བའི་ཐབས་ལམ་ཡག་ཤོས་སུ་མཐོང་བས། གཤམ་གསལ་མདོ་ལས་གསུངས་པའི་བསམ་གྱིས་མི་ཁྱབ་པ་རྣམས་དཔེའི་སྒོ་ནས་ཤེས་པར་བྱའོ།།

དེ་ཡང༌། མདོ་སྡེ་དཀོན་ཅོག་བརྩེགས་པ་ལས། ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ། རྫས་དང་སྨན་དང་སྔགས་དང་ནོར་བུ་རྣམས་ཀྱི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། གཟའ་དང་སྐར་མ་དང་དུས་ཀྱི་འཁྱུད་སྤྱད་དང་རྟེན་འབྲེལ་གྱི་མཐུ་ཡང་བསམ་གྱིས་མི་ཁྱབ། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཞེས་གསུངས་པ་ཚན་པ་བཞི་དང་རྐང་གྲངས་བཅུར་བསྡུས་ཏེ། ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང༌། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ། རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ། སྨན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ། སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ། གཟའ་དང་སྐར་མ་དང་དུས་ཀྱི་འཁྱུད་སྤྱད་བསམ་གྱིས་མི་ཁྱབ་པ། རྟེན་འབྲེལ་གྱི་མཐུ་བསམ་གྱིས་མི་ཁྱབ་པ། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་བཅས་བཅུ་ལས། དང་པོ་ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་པ་ལྟ་ཅི་སྨོས། ང་རང་ཚོའི་ཐ་མལ་པའི་སེམས་འདི་ཁོ་ནའི་སྤྱོད་ཡུལ་ཡང་ལེགས་པར་བསམས་ན་བསམ་གྱིས་མི་ཁྱབ་སྟེ། སྤྱིར་སེམས་ཀྱི་ནུས་མཐུ་ནི་འདི་དང་དེ་ཙམ་ཞེས་ཚད་འཛིན་དང་དེ་དང་འདིའི་ཕྱིར་ཞེས་རྒྱུ་མཚན་གྱིས་བསམ་གྱིས་མི་ཁྱབ་པ་ཆགས་ཡོད།

སྤྱིར་སེམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ།

དེ་ཡང༌། འཛམ་གླིང་ཞི་བདེ་དང་ཟིང་འཁྲུག་སེམས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ལ། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་འབྱུང་མིན་ཡང་སེམས་ལ་རག་ལས། འཁོར་བ་དང་མྱ་ངན་ལས་འདས་པའང་སེམས་ཀྱིས་འབྱེད་ལ། ཤེས་ཡོན་ཡོད་མེད་དང་མི་བཟང་ངན་ཡང་སེམས་ལ་ཐུག དགེ་སྡིག་དཀར་ནག་སེམས་དཀར་ནག་ལ་བརྟེན་ནས་འཇོག་ལ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱང་སེམས་ཀྱིས་བཀོད་བསྡོམས་བྱས་པ་ཞིག་ཡིན། དེ་ཡང༌། འཛམ་གླིང་ཞི་བདེའི་རྩ་བར་གྱུར་པའི་བྱམས་པ་དང༌། བརྩེ་བ། སྙིང་རྗེ། བཟོད་སྒོམ། བསམ་ཤེས། གུ་ཡངས་ལ་སོགས་པ་ཀུན་ཀྱང་གཞན་གང་ཡང་མིན་པར་ནང་སེམས་ཀྱི་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ཞིག་ཡིན་ལ། འཛམ་གླིང་ནང་གི་དཀའ་རྙོག་དང་དམག་འཁྲུག་དེ་བཞིན་ཟིང་ཆ་ནད་རིགས་སོགས་ཀྱང་ནང་སེམས་ཀྱི་བསམ་བློ་གཏོང་སྟངས་ཤིག་སྟེ་ཁོང་ཁྲོ་དང་ང་རྒྱལ། འཁོན་འཛིན། ཕྲག་དོག་སོགས་ཀྱི་དབང་དུ་སོང་བ་ལ་བརྟེན་ནས་འབྱུང་གི་ཡོད། རྒྱུན་ལྡན་ང་ཚོས་ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་ཡིན་ཡང་རླབས་ཆེན་གྱི་བྱ་གཞག་ཅིག་སྒྲུབ་པར་ཆེས་ཉེ་བར་མཁོ་བར་བཤད་པའི་སྙིང་སྟོབས་དང་བརྩོན་འགྲུས། རྣམ་དཔྱོད། དཀྱེལ་ཡངས། རང་ཚུགས། ལྷག་བསམ་སོགས་ཀྱང་སེམས་ཀྱི་བསམ་བློ་གཏོང་སྟངས་ཤིག་ལས་གཞན་མིན།

ཧིཊ་ལར་ཞེས་པའི་སྐད་གྲགས་ཅན་གྱི་མི་དེ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་མི་ས་ཡ་མང་པོ་གསོད་པའི་ཤན་པ་ཞིག་ཏུ་གྱུར་པའང་མཐར་གཏུགས་ན་ཁོང་ཁྲོ་དང་ང་རྒྱལ་ཞེས་པའི་སེམས་ཤིག་ལ་ཐུག་ལ། ཞི་བདེའི་དེད་དཔོན་དག་གིས་འཛམ་གླིང་ཞི་བདེའི་དོན་དུ་སྐུ་ངལ་ཚད་མེད་སྐྱོན་བཞིན་པའང་བྱམས་པ་དང་བརྩེ་བ་ཞེས་པའི་སེམས་ཤིག་ལ་ཐུག མ་ཟད་ད་ལྟ་ངས་བསམ་གྱིས་མི་ཁྱབ་པ་ཞེས་པའི་རྩོམ་ཡིག་འདི་འབྲི་བཞིན་པའང་རང་གི་བསྟན་པར་དུང་ཞེན་གྱི་བསམ་བློ་རྣོན་པོ་ཞིག་ལ་ཐུག་ཡོད། སེམས་ཀྱི་བསམ་བློ་གཏོང་སྟངས་ཀྱི་འགྱུར་ལྡོག་ཅུང་ཟད་ཅིག་ལ་བརྟེན་ནས་ཚུལ་དང་ལྡན་པའི་དགེ་སྦྱོང་གཞོན་ནུ་ཞིག་ཉིན་མ་ཁ་ཤས་ནང་མི་དགུ་བརྒྱ་དགུ་བཅུ་གོ་དགུ་གསོད་མཁན་གྱི་ལག་དམར་བར་གྱུར་ཏེ་མིང་ཐོས་པ་ཙམ་གྱིས་ཀྱང་སྐྱེ་བོ་ཀུན་ལ་དངངས་སྐྲག་སྐྱེད་པོར་གྱུར་ལ། ཡང་དེ་ཉིད་བསམ་བློ་གཏོང་སྟངས་ཀྱི་འགྱུར་ལྡོག་ཅུང་ཟད་ཅིག་ལ་བརྟེན་ནས་ཉིན་མ་ཁ་ཤས་ནང་གཤེ་བ་ལའང་སླར་མི་གཤེ རྡེག་པ་ལའང་སླར་མི་རྡེག མཚང་འབྲུ་བ་ལ་སླར་མི་འབྲུ། ངན་དུ་བརྗོད་ལ་སླར་མི་བརྗོད་པའི་དགེ་སྦྱོང་ཤིན་ཏུ་ཉམ་ཆུང་དགྲ་བཅོམ་པ་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཡོད། ངོ་མ་སེམས་ཀྱི་ནུས་མཐུ་ནི་བྱིས་པ་ང་ཚོའི་བློ་ཡུལ་དུ་མི་ཤོང་བ་ཞིག་མ་ཡིན་ནམ། སེམས་ཀྱི་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ཞིག་ལ་བརྟེན་ནས་ང་ཚོ་འདི་ལྟར་འཁོར་བ་འདིར་ལུས་པ་ཡིན་ལ་འཕགས་པ་རྣམས་མྱ་ངན་ལས་འདས་པའི་སར་གཤེགས་པ་ཡིན། འཇིག་རྟེན་གྱི་སྐྱེ་འགྲོ་ཡོད་ཚད་ཉིན་མཚན་ཁོར་མོ་ཡུག་ཏུ་བྲེལ་བ་འཚུབ་འཚུབ་ངང་རྒྱུག་བཞིན་པ་འདི་ཡང་ལེགས་པར་བསམས་ན་ནང་སེམས་ཀྱི་བཀའ་སྒྲུབ་བཞིན་པ་ཁོ་ན་ཆགས་ཡོད། ཕ་མ་དང་སྤུན་མཆེད་ཀྱི་བར། གྲོགས་པོ་དང་གྲོགས་པོའི་བར། དགེ་རྒན་དང་དགེ་ཕྲུག་བར། མགོ་ཁྲིད་དང་མི་དམངས་ཀྱི་བར། ཚོགས་སྡེ་དང་ཚོགས་སྡེའི་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བཟང་དང་དགའ་སྐྱིད་ཐམས་ཅད་ཀྱང་ནང་སེམས་ཀྱི་བསམ་བློ་གཏོང་སྟངས་ཤིག་ལ་ཐུག་ཡོད། ནང་སེམས་ཀྱི་བསམ་བློ་གཏོང་སྟངས་ཅུང་ཟད་རེས་ཀྱང་དེ་དག་ཕན་ཚུན་ཕུན་སུམ་ཚོགས་པའི་དཔལ་ལ་འབྱོར་བར་བྱེད་ལ། ནང་སེམས་ཀྱི་བསམ་བློ་གཏོང་སྟངས་ཅུང་ཟད་རེས་ཀྱང་སྐད་ཅིག་གིས་ཕ་གསོད་ཀྱི་དགྲ་བོ་ལྟར་གྱུར་དང་འགྱུར་བཞིན་ཡོད། ང་ཁྱོད་ལ་དངོས་གནས་ཡིད་ཆེས་ཡོད། ང་ཁྱོད་ལ་ཤིན་ཏུ་བརྩེ། ཞེས་ཁ་ཞེ་མཚུངས་མིན་གང་ལྟར་མིང་ཚིག་འདི་གཉིས་པོ་གཅིག་པུའི་ནུས་ཤུགས་ཀྱང་བསམ་ཡུལ་ལས་འདས་པ་ཡིན་ན་གཞན་ནི་ལྟ་ཅི་སྨོས། མདོར་ན། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་དང་གང་ཡིན་ནའང་ཐམས་ཅད་སེམས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ཅིང་སེམས་ཀྱིས་བཀོད་བསྡོམས་བྱས་པ་ཤ་སྟག་ཆགས་ཡོད།

དེ་ལྟར་སྤྱིར་ཐ་མལ་པའི་སེམས་འདིའི་ནུས་མཐུ་ཡང་བསམ་གྱིས་མི་ཁྱབ་ན། དེའི་སྟེང་དུ་སྦྱོར་བྱུང་གི་སྦྱོང་བརྡར་དང་ནུས་རྩལ་གོང་ནས་གོང་དུ་སྤེལ་བའི་ཐབས་ལ་བརྩོན་པ་དག་གི་སེམས་ཀྱི་ནུས་མཐུ་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་སུས་ཀྱང་ཚོད་དཔག་བྱེད་ཐུབ། དཔེར་ན། ཕྱིའི་ལུས་པོའི་རྩལ་སྦྱོང་ལ་བརྟེན་ནས་དེང་རྒྱལ་སྤྱིའི་ལུས་རྩལ་རྩེད་འགྲན་པ་དག་གིས་བསམ་ཡུལ་ལས་འདས་པའི་ལུས་ཀྱི་སྒྱུ་རྩལ་ཅིར་ཡང་སྒྱུར་ཞིང་ཅིར་ཡང་སྟོན་གྱིན་པ་དེ་ལྟར་རོ། །ང་ཚོའི་དབང་པོ་མངོན་སུམ་གྱི་ཡུལ་དུ་ཡོངས་གྲགས་སུ་གྱུར་པ་མ་གཏོགས་དེ་མིན་རྒྱུན་ལྡན་ང་ཚོའི་ལྟ་ཚུལ་ལྟར་ང་རང་ཚོའི་ཐ་མལ་པའི་ལུས་གོག་འདི་ཚད་མར་བཟུང་སྟེ་བལྟས་ན་ཅི་དགར་བསྒྱུར་དུ་བཏུབ་པའི་ལུས་ཀྱི་སྒྱུ་རྩལ་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་ཡོད་མི་ཆོག་པ་དང་ཡོད་མི་སྲིད་པའི་ཨུ་ཚུགས་བྱེད་ངེས་རེད།

སྐབས་འདིར་བཤད་པའི་ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་འདི་ཡང་ཐ་མལ་པའི་སེམས་ཤིག་སྦྱོང་བརྡར་ཚད་མཐོན་པོར་སོན་པ་ཡིན་ཞིང༌། དེ་ལྟ་བུའི་སེམས་དེའི་བྱེད་ལས་དང་ནུས་མཐུ་ནི་ང་ཚོའི་བློའི་ར་བ་ལས་འདས་པར་ཁས་ལེན་མི་བྱེད་ཀ་མེད་ཡིན། སྔོན་ཆད་ཡིན་ན་ཕྱི་ནས་མདའ་གྲི་མདུང་གསུམ་དང་མེ་ཆུ་རླུང་གསུམ་སོགས་དྲག་ཤུལ་གྱི་གནོད་འཚེ་ཙམ་ལས་ལྟ་གྲུབ་ཀྱི་ཐད་ནས་ཉམས་ཆག་ཆེར་སོང་མེད་ནའང༌། དེང་རྒྱལ་བའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི་བསམ་བློའི་དབང་བསྒྱུར་ཞིག་གིས་འཛུམ་དམུལ་དམུལ་ངང་རྒྱལ་བསྟན་རྙོག་མར་བྱེད་ཀྱིན་པའི་དུས་ཚོད་ཟིང་ཆ་ཅན་འདིར། སྐྱེས་བུ་ཀུན་རྣམ་པར་གཡེང་སྟེ་ཐ་མལ་པའི་སེམས་འདི་ཏིང་ངེ་འཛིན་གྲུབ་པའི་ཐབས་ལ་བརྩོན་པ་པོ་ནི་རེ་འགའ་ཙམ་སྟེ་ཉིན་མོའི་ཟླ་བ་ལྟར་གྱུར་ན། ཏིང་ངེ་འཛིན་གྲུབ་པའི་སེམས་འཐོབ་པ་ནི་ལྟ་ཅི་སྨོས། དེར་བརྟེན་ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དག་ང་ཚོར་མཐོང་བའི་གོ་སྐབས་ག་ལ་ཡོད། ཡིན་ནའང་ང་ཚོའི་མཐོང་ཐོས་ཡོངས་གྲགས་སུ་གྱུར་པའི་གནད་དོན་འདི་དག་ལ་བསམ་གཞིག་རེ་བགྱིས་ཚེ་དེ་དོན་ལ་མ་མཐར་གོ་བ་རྣལ་མ་རེ་སྐྱེ་ངེས་སྙམ། དེ་ཡང༌། སྐབས་འདིར་ཏིང་ངེ་འཛིན་ནམ་བསམ་གཏན་དངོས་སུ་གསུངས་པ་ཙམ་ལས། སྦྱིན་པ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ལ། ཚུལ་ཁྲིམས་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ། བཟོད་པ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ། བརྩོན་འགྲུས་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ། ཤེས་རབ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པ་ཏིང་ངེ་འཛིན་ལྟར་གཅིག་མཚུངས་སུ་གནས་ཡོད།

དེ་ཡང་དང་པོ་སྦྱིན་པ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་གླེང་ན། ཁྱད་པར་འཕགས་བསྟོད་ལས། གཞན་དག་རང་དོན་མཆོད་སྦྱིན་ལ། །གཞན་གྱི་སྲོག་གིས་སྦྱིན་སྲེག་བྱེད། །གཞན་གྱི་དོན་དུ་ཁྱོད་གཅིག་པུ། །རང་གི་སྲོག་གིས་སྦྱིན་སྲེག་བྱེད། །ཅེས་གསུངས་པ་ལྟར་བདག་ཅག་གི་སྟོན་པའི་སྐྱེས་རབས་སུ་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལྔ་ལ་སྐུའི་ཕྲག་ཚིམས་པར་སྦྱིན་པ་དང༌། སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་ཡོངས་སུ་སྦྱིན་པ། གཅན་གཟན་ཀུན་ཏས་རྔོན་པ་རྣམས་སྲོག་གི་འཇིགས་པ་ལས་སྐྱོབ་པའི་ཕྱིར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བར་རང་ལུས་ཀྱི་པགས་པ་གསོན་བཤུས་ཀྱིས་སྦྱིན་པ། རྒྱལ་པོ་ཟླ་འོད་ཀྱིས་རང་གིས་ལག་པས་རང་གི་དབུ་སྦྱིན་པ་སོགས་གཞན་གྱི་ཚེ་སྲོག་གི་ཆེད་དུ་རང་གི་དབུ་དང་ཡན་ལག ཤ་དང་ཁྲག བུ་དང་ཆུང་མ་ཡན་ཆད་ལན་གྲངས་དུ་མར་སྦྱིན་པའི་ལོ་རྒྱུས་ཧ་ཅང་མང་ལ། དེའི་རྗེས་སུ་བསླབས་པའི་རྒྱལ་བའི་སྲས་རྣམས་ཀྱིས་ཀྱང་ཐ་ན་གཞན་གྱི་རེ་འདོད་ཙམ་སྐོང་བའི་ཕྱིར་དུའང་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་བུ་བདེ་བྱེད་ཀྱི་བུ་ལ་རང་གི་དབུ་གནང་བ་དང༌། སློབ་དཔོན་འཕགས་པ་ལྷས་མུ་སྟེགས་པར་སྤྱན་སྦྱིན་པས་མཚོན་ཡན་ལག་དང་ཉིང་ལག་ཚུན་ཆད་སྦྱིན་པ་བཏང་བའི་དངོས་བྱུང་གི་ལོ་རྒྱུས་ཡོད། དེ་ལྟ་བུའི་དངོས་བྱུང་གི་ལོ་རྒྱུས་དེ་དག་ནི། ཉམ་ཐག་པའི་སློང་མོ་བ་ཞིག་གྲྭ་ཤག་གི་སྒོ་འགྲམ་དུ་སླེབས་ནས་མྱ་ངན་གྱི་སྨྲེ་སྔགས་འདོན་པར་ཡང་སྒོར་མོ་བཅུ་ཉི་ཤུ་ཙམ་ཡང་སྦྱིན་མི་བྲ་བའི་བློ་ཅན་ང་དང་ང་འདྲ་བར་མཚོན་ན། ཨ་ཙི་བསམ་གྱིས་མི་ཁྱབ་པའི་གནས་ཤིག་རེད། བློའི་སྤྱོད་ཡུལ་ལས་འདས་པ་ཞིག་རེད། ང་ཚོའི་དུས་རབས་འདིར་ཡང་གངས་ལྗོངས་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་རང་གི་གཅེས་ཤོས་སུ་གྱུར་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་བཏང་སྟེ་ལེགས་སྐྱེས་སུ་འབུལ་བའི་དཔའ་བོ་དུ་མ་ཞིག་འདས་པའི་ལོ་རྒྱུས་ཐོག་བྱུང་ལ། ངས་རྩོམ་ཡིག་འདི་འབྲི་བཞིན་པའི་ཟླ་བ་འདི་གའི་ནང་ལའང་ད་བར་བསྟུད་མར་བལྟས་བལྟས་རིག་རིག་ཐོག་རང་ལུས་མེར་བསྲེགས་ཀྱྀས་ཞི་བདེ་དང་རང་དབང་གི་ཆེད་དུ་འབོད་སྒྲ་སྒྲོག་པར་བྱེད་པའི་ཤཱཀྱའི་དགེ་སྦྱོང་ལྔ་བྱུང་ཡོད། དེ་ལྟའི་བློས་གཏོང་ཕར་ཟད་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་ཞལ་འདེབས་སྒོར་ལྔ་བཅུ་རེ་འབུལ་བར་ཡང་ནེམ་ནུར་དང་ཕངས་སེམས་ཀྱི་བློ་སྐྱེ་བའི་ང་དང་ང་འདྲ་བ་དག་ལ་མཚོན་ན། ཁོང་ཚོའི་བློས་གཏོང་ངམ་གཏོང་སེམས་རྨད་དུ་བྱུང་བ་དེ་ནི་ཡ་མཚན་བློ་ཡུལ་ལས་འདས་པ་ཞིག་ཅི་ལ་མིན། ཤཱཀྱའི་དགེ་སྦྱོང་དེ་དག་གིས་ཕྱོགས་གཅིག་ནས་མདོ་མཛངས་བླུན་དང་སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་ལས་གསུངས་པའི་ངོ་མཚར་བསམ་གྱིས་མི་ཁྱབ་པའི་བདག་ཅག་གི་སྟོན་པའི་སྐྱེས་རབས་ཀྱི་མཛད་པ་དེ་དག་ང་ཚོར་དྲན་གསོ་ཐེངས་གཅིག་གནང་ཡོད། ཡང་ལྡོག་ཕྱོགས་ནས་གླེང་ན། སྒོར་མོ་འབུམ་ཕྲག་མང་པོའི་མངའ་བདག་ཡིན་ནའང་ཉམ་ཐག་དབུལ་བོ་དག་ལ་སྒོར་བརྒྱ་ཕྲག་ཁ་ཤས་ཀྱི་རོགས་སྐྱོར་ཙམ་བྱེད་མི་བྲ་བའི་རྒྱ་གར་གྱི་གཏམ་དཔེར་ཕྱུག་བདག་སྦྲང་འཇིབ་ཅེས་ཡོངས་སུ་གྲགས་པ་ལྟ་བུའི་མི་སེར་སྣ་ཅན་ཡང་འཇིག་རྟེན་འདིར་སྲིད་པ་ཡིན། རང་ལ་འབྱོར་བ་ཞེ་དྲག་མེད་ནའང་རང་ལས་སྐྱོ་བ་ཞིག་མཐོང་ཚེ་དེ་མ་ཉིད་དུ་རོགས་སྐྱོར་བྱེད་པའི་སྐྱེས་བུ་ཡ་རབས་ཅན་རྣམས་ཀྱི་ངོས་ནས་བལྟས་ན་དེ་ནི་ཧ་ལས་ཧང་སང་དགོས་པའི་གནས་དོན་ཞིག་ཆགས་ཡོད། བསམ་གྱིས་མི་ཁྱབ་པའི་གནད་དོན་དེ་དག་ཐམས་ཅད་རྒྱུ་མེད་རྐྱེན་མེད་གློ་བུར་ཐོག་རྒྱག་ཏུ་བྱུང་བ་མིན་པར་ཕུགས་གཏུགས་ཚེ་ནང་གི་གཏོང་སེམས་རབ་ཏུ་གྱུར་མ་གྱུར་ཞིག་ལ་རག་ལས། དེ་ལྟར་ཡང་ཡང་གོམས་འདྲིས་དང་རྩལ་སྦྱོང་ལ་བརྟེན་ནས་གྲུབ་པའི་གཏོང་སེམས་སམ་སྦྱིན་པ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ནི་ང་ཚོའི་ཐ་མལ་པའི་བློ་འདིས་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེས་ན་སྦྱིན་པ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་ཅེས་མདོ་སྡེ་དཀོན་མཆོག་བརྩེགས་པའི་ལུང་དེས་ཤུགས་ལ་བསྟན་པར་སྨྲ་ཆོག

དེ་བཞིན་དུ་སྔོན་གྱི་འདུལ་འཛིན་ཆེན་མོ་དག་གིས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པར་རང་གི་མིག་འབྲས་ལྟར་སྲུང་བར་གྲགས་པ་དང༌། ད་དུང་ཁ་ཅིག་གིས་དེའི་སྟེང་དུ་བྱང་ཆུབ་སེམས་དཔའི་བསླབ་པ་སྨོན་སེམས་མི་གཏོང་བ་དང་འཇུག་སེམས་ཀྱི་བསླབ་པ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་བློན་པོ་ལ་འབྱུང་ཉེ་བ་བརྒྱད་སོགས་དང༌། ད་དུང་ཁ་ཅིག་གིས་དེའི་སྟེང་དུ་གསང་བ་སྔགས་ཀྱི་རྩ་ལྟུང་བཅུ་བཞི་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་སྲོག་ལྟར་སྲུང་བའི་རྣམ་ཐར་མཆིས་མོད། ཤིན་ཏུ་རགས་པ་རྩ་བ་བཞི་པོ་ཙམ་ཡང་སྲུང་ཐུབ་དང་མི་ཐུབ་ངེས་པ་བྲལ་བའི་གནས་སྟངས་ཡ་ང་བ་ཅན་གྱི་སྐྱེས་བུ་ང་དང་ང་འདྲ་བ་རྣམས་ལ་མཚོན་ན། ཇོ་བོ་རྗེས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཉེས་བྱས་ཕྲ་མོས་ཀྱང་གོས་མ་མྱོང་བར་གསུངས་པ་སོགས་ནི་བློར་ཤོང་དཀའ་བ་ཞིག་ཡིན། དེང་དུས་ཕལ་མོ་ཆེས་སོ་སོའི་ཐ་མལ་པའི་བསམ་བློ་འདི་ཚད་མར་བཟུང་སྟེ་ཡུལ་གྱི་གནས་ཚུལ་ལ་ཡོད་མེད་ཡིན་མིན་སོགས་ཀྱི་རྣམ་གཞག་འཇལ་བར་བྱེད་པའི་ཚུལ་ལྟར་ན། གོང་དུ་གླེང་བའི་གནད་དོན་དེ་དག་ཀྱང་སྔར་ཡང་མ་སྲིད་ལ་ཕྱིས་ཀྱང་སྲིད་པར་མི་འགྱུར། མ་ཟད་དེང་ཡང་སྲིད་མི་ཆོག་ཅེས་སྨྲ་ངེས། འོན་ཀྱང་བསྟན་པ་འདི་ལ་དད་གུས་ཅན་སུ་ཞིག་གིས་དེ་ལྟར་སྨྲ་ནུས། མཆོག་ཟུང་རྣམ་གཉིས་སོགས་སྟོན་པའི་འཁོར་ཉན་ཐོས་ཆེན་པོ་དག་དང་ཀླུ་ཐོགས་ཡབ་སྲས་སོགས་བསྟན་པའི་མཛེས་རྒྱན་དག་གིས་སྲུང་སྡོམ་གྱི་གནས་ལ་བསླབ་ཚུལ་ཡ་མཚན་ཅན་དེ་དག་ཀྱང་ཕུགས་བདས་ན་ནང་གི་སྲུང་སེམས་ཤིག་ལ་ཐུག་ཡོད།

ད་ལྟའི་དུས་འདི་དཔེར་བཀོད་ནས་བཤད་ན། དེ་ཡང༌། སློབ་གྲྭ་ཞིག་གི་ནང་དུའང་སློབ་གྲྭ་དེའི་སྒྲིག་གཞི་ཕྲ་རགས་ཆ་ལག་དང་བཅས་པ་ཐམས་ཅད་ལེགས་པར་བསྲུངས་ཏེ་ཉེས་ཆད་ཕྲ་མོ་ཙམ་ཡང་ཕོགས་མ་མྱོང་བའི་སློབ་ཕྲུག་མཆིས་ཤིང༌། སྒྲིག་གཞི་རགས་པ་ཙམ་ཡང་སྲུང་མི་ནུས་པར་གཏོར་བཤིག་ཤ་སྟག་གིས་དུས་འདའ་བའི་སློབ་ཕྲུག་ཀྱང་ཤིན་ཏུ་མང༌། འོ་ན། སློབ་ཕྲུག་ཁ་ཅིག་སྒྲིག་གཞི་ཕྲ་མོ་ཚུན་ཆད་ལོ་ནས་ལོ་བསྟུད་སྲུང་བར་བྱེད་ལ། ཁ་ཅིག་སྒྲིག་གཞི་རགས་པ་ཙམ་ཡང་སྲུང་བར་མི་བྱེད་པའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་མཐར་གཏུགས་ན་སྲུང་སེམས་རྣལ་མ་ཞིག་ཡོད་མེད་དང་གོམས་པ་བརྟན་མི་བརྟན་སོགས་ལ་རག་ལས་ཡོད། སེམས་ཀྱི་གསང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་འདི་དག་ལ་རྒྱུས་མངའ་མེད་པའི་འཛིན་རིམ་དགུ་པའི་སློབ་གཉེར་བ་འཁྲེབ་ཏོ་ཞིག་ཡིན་ན། གཞན་གྱིས་འཛིན་གྲྭ་དང་པོ་ནས་དགུ་པའི་བར་སྒྲིག་གཞི་ཕྲ་རགས་ཀུན་ཚུལ་བཞིན་དུ་བསྲུངས་ཏེ་ཆད་པ་སྒོར་མོ་བཅུ་ཙམ་ཡང་མ་ཕོགས་ལ། ངས་བསྲུངས་མ་ཐུབ་པར་ཉིན་ལྟར་ཉེས་ཆད་ཀྱི་ཆར་པ་བབ་བབ་བྱུང་བ་ཅི་ཡིན་ནམ། ཞེས་སྨྲ་ངེས་རེད། མདོ་དོན་རང་ལ་སྲུང་སེམས་ཀྱིས་དབུལ་བ་དེ་རྟོགས་མེད་ལ། གཞན་ལ་སྲུང་སེམས་ཆུང་ངུ་ནས་རིམ་པ་བཞིན་དུ་རབ་ཏུ་གྲུབ་པ་དེ་ཡང་རྟོགས་མེད། དེ་ལྟར་སྲུང་སེམས་གོམས་པ་རབ་ཀྱི་མཐར་སོན་པའི་ཚེ་ན་རྨི་ལམ་ན་ཡང་འཆལ་ཁྲིམས་ཀྱི་དྲི་མ་སྤངས་པའི་གནས་སྐབས་བསམ་གྱིས་མི་ཁྱབ་པ་དེ་འདྲ་འབྱུང་རྒྱུ་ཡོད་པར་ང་ཚོའི་གཞུང་ལས་བཤད་ཡོད། དེར་བརྟེན་སྲུང་བའི་སེམས་གྲུབ་པའི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།

དེ་བཞིན་དུ་བཟོད་པ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་སྟེ། བདག་ཅག་གི་སྟོན་པའི་སྐྱེས་རབས་ལས། རྒྱལ་པོ་རྩོད་བྱུང་ཞེས་བྱ་བས་དོན་མེད་དུ་དྲང་སྲོང་བཟོད་པ་ཅན་གྱི་ལག་པ་གཉིས་དང་རྐང་པ་གཉིས་རལ་གྲིས་བཅད་ཀྱང་ད་དུང་དེ་ལ་ཁོང་ཁྲོ་བ་ལྟ་ཅི་སྙིང་རྗེའི་སེམས་ཀྱིས་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང༌། ཆོས་ཀྱི་ཚིགས་སུ་བཅད་པ་གཅིག་གི་ཆེད་དུའང་སྐུ་ལུས་ལ་མར་མེ་སྟོང་ཕྲག་སྤར་བར་མཛད་པའི་སྡུག་བསྔལ་དང་ལེན་གྱི་བཟོད་པ་སྒོམ་པར་མཛད་པ་དང༌། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ནས་འབྲུ་རྡོག་པོ་རེ་གསོལ་ཏེ་ལོ་དྲུག་ཏུ་དམ་པའི་ཆོས་ཀྱི་ཆེད་དུ་ངེས་པར་སེམས་པའི་དཀའ་བ་སྤྱད་པ་དག་ང་ཚོའི་བློ་ངོར་ཤོང་བ་ཞིག་ཡིན་ནམ། གཞན་ཡང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་དཀའ་སྤྱད་བརྒྱ་ཕྲག་གིས་ཆོས་འཕགས་བཀུར་བ་དང༌། པཎ་ཆེན་ན་རོ་པས་དཀའ་ཆེན་བཅུ་གཉིས་དང་དཀའ་ཕྲན་བཅུ་གཉིས་དཀའ་བ་མི་འདྲ་ཉི་ཤུ་རྩ་བཞི་སྐུ་ལུས་གཅིག་གི་སྟེང་དུ་སྤྱད་པ་དང༌། རྗེ་བཙུན་མི་ལས་རྗེ་མར་པ་ལོ་ཙཱ་བསྟེན་པ་དང༌། རྒྱལ་བ་ཀློང་ཆེན་པས་ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་ཉི་ཤུ་རྩ་གཅིག་གིས་ཟླ་བ་གཉིས་ཀྱི་འཚོ་རྟེན་དང་སྒྱེ་གཅིག་གིས་མལ་སྟན་དང་མལ་གོས་གཉིས་ཀའི་གོ་བཅད་པ་སོགས་ཀྱི་དཀའ་སྤྱད་ལ་བརྟེན་ནས་དམ་ཆོས་ཟམ་མོའི་ཕྱིར་རིག་འཛིན་ཀུ་མ་ར་བསྙེན་པ་སོགས་ཀྱི་རྣམ་ཐར་ཡོད། གཞན་གྱིས་ཚིག་ངན་སྨྲས་པ་ཙམ་ཡང་བཟོད་མི་ཐུབ་ལ། དུག་སྦྲང་གིས་སོ་བཏབ་པ་ཙམ་ཡང་བཟོད་མི་ཐུབ་པ་མ་ཟད་དུག་སྦྲང་གི་སྐད་ཕྲ་མོ་ཙམ་རྣ་བར་ལྷུང་བས་ཀྱང་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བའི་ཡིད་ཅན་ང་དང་ང་འདྲ་བ་རྣམས་ལ་མཚོན་ན་དཀའ་སྤྱད་དང་སྡུག་བསྔལ་དང་ལེན་དེ་དག་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན། ང་ཚོས་ཤིན་ཏུ་ཉམ་ཆུང་དུག་སྦྲང་ཞིག་ལ་ཤ་ཚའི་སྒོ་ནས་ལྟོ་བ་ཆུང་ཆུང་དེ་འགྲང་བའི་ཕྲག་ཐིགས་པ་ཕྱེད་ཀ་ཡང་སྦྱིན་བཟོད་ཀྱི་མེད་ན། བྱང་སེམས་རྟག་ཏུ་ངུས་ཆོས་ཀྱི་ཕྱིར་དུ་སྐུ་ཕྲག་གིས་ས་གཞི་ཆག་ཆག་བཏབ་པར་མཛད་པའི་ལོ་རྒྱུས་དེ་ནི་བསམ་ཡུལ་ལས་འདས་པར་ཁག་མེད། དེ་དག་ཐམས་ཅད་ཀྱང་ཕུགས་གཏུགས་ཚེ་ནང་གི་བཟོད་སེམས་ཤིག་ལ་རག་ལས་ཡོད།

ཉེ་ས་ནས་བསམས་ན། ལོ་ངོ་གཅིག་གཉིས་སྔོན་བོད་ཡུལ་མདོ་སྨད་ནས་འདི་ག་རྒྱ་གར་གྱི་ཡུལ་དབུས་གནས་མཆོག་རྡོ་རྗེ་གདན་གྱི་བར་དུ་བརྐྱངས་ཕྱག་བཙལ་ནས་ཡོང་མཁན་བྱུང་ཡོད་ལ་རྒྱ་གར་ཚགས་དཔར་ཐོག་འདྲ་དཔར་དང་བཅས་བཀོད་འདུག རི་ཆུ་ཐང་གསུམ་གྱི་ལམ་ཐག་རིང་པོ་དེ་འདྲ་གོམ་པ་བརྒྱབས་ནས་བཅད་ཟེར་ན་ད་དུང་ཏོག་ཙམ་ཡིད་ཆེས་སྐྱེ་སླ་ཡང༌། དེ་ནི་བརྐྱངས་ཕྱག་གི་གནས་དོན་ཞིག་རེད། མང་པོ་ཞིག་གིས་རྨད་དུ་བྱུང་བའི་དཀའ་སྤྱད་དེ་མངོན་སུམ་དུ་མཐོང་བས་ཡིད་མི་ཆེས་རང་ཆེས་སུ་གྱུར་པ་ལས་དངོས་སུ་མཐོང་མ་མྱོང་བ་བདག་ལྟ་བུར་མཚོན་ན་གནས་ཚུལ་དེར་ད་དུང་ཡིད་ཆེས་རྣལ་མ་ཞིག་སྐྱེས་མེད། རྒྱུ་མཚན་ནི་ང་རང་གི་བློ་ངོར་མ་ཤོང་བ་དང་ང་རང་གི་བློ་འདིས་བསམ་གྱིས་མི་ཁྱབ་པ་ཙམ་ལས་གཞན་རྒྱུ་མཚན་བཤད་རྒྱུ་གང་ཡང་མེད། འོན་ཀྱང་ང་རང་གི་བློ་ངོར་མ་ཤོང་བ་ཙམ་གྱིས་གནས་ཚུལ་ལ་དེ་ལྟར་ཡོད་མི་ཆོག་ཡིན་མི་ཆོག་ཟེར་དགོས་ན་ང་རང་ཧམ་པ་ཚ་དྲགས་པ་ཅི་ལ་མིན། གང་ལྟར་བརྐྱངས་ཕྱག་གི་གནས་ཚུལ་དེ་ང་དང་ང་ལྟ་བུས་ཁས་ལེན་མ་བྱས་ཀྱང་དོན་ལ་དེ་ལྟར་གནས་མེད་པར་ག་ལ་འགྱུར། ད་དུང་ངས་ཨུ་ཚུགས་བྱས་པ་ཡིན་ན་དེ་ནི་རང་མཚང་ངོམས་པ་ཙམ་དུ་ཟད། ཕྱོགས་གཅིག་ནས་བལྟས་ན། ཆུ་ཚོད་རེ་གཉིས་ཙམ་གོམ་པ་རྒྱག་པའི་དཀའ་ལས་ཀྱང་བཟོད་མི་ཐུབ་པར་སྤྱི་ལེ་ཁ་ཤས་ལས་མེད་པའི་ཉེ་སའི་ཁྲོམ་གྲོང་རྣམས་སུ་སྐྱོད་པ་ལའང་རྒྱལ་སྒོ་ལས་ཐོན་མ་ཐག་རླངས་འཁོར་ལ་སྒུག་གི་ཡོད་ན། རླངས་འཁོར་དང་སྦག་སྦག་དེ་བཞིན་མེ་འཁོར་དང་གནམ་གྲུ་སོགས་ལ་ལོངས་སུ་སྤྱོད་པའི་དུས་སྐབས་འདིར་བོད་ནས་རྒྱ་གར་རྡོ་རྗེ་གདན་བར་བརྐྱངས་ཕྱག་གིས་བཅད་ཟེར་བ་ནི་དེ་བས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་གྱུར་པ་ཁག་མེད། རང་ཤག་ཏུ་བརྐྱངས་ཕྱག་བརྒྱ་ཚར་གཅིག་གཉིས་ཙམ་འཚལ་བའི་དཀའ་སྡུག་བཟོད་སྒོམ་ཐུབ་ཀྱི་མེད་ན། གཞན་ཞིག་ལ་དཀའ་ངལ་དང་ལེན་གྱི་བཟོད་བསྲན་དེ་འདྲ་ཡོད་རབས་ཐོས་ཚེ་ཧང་སང་ཧོན་འཐོར་བའང་བྱིས་པ་རྣམས་ཀྱི་རང་བཞིན་ཡིན། དེར་བརྟེན་བཟོད་སེམས་ཀྱི་ནུས་མཐུ་ནི་བསམ་གྱིས་མི་ཁྱབ་སྟེ། གཞན་ཡང་བྱམས་པ་དང་བརྩེ་བ་གཉིས་འཛམ་གླིང་ཞི་བདེའི་རྩ་བ་ཡིན་པ་བཞིན་དུ་ཆེས་མེད་དུ་མི་རུང་བའི་ཆ་རྐྱེན་གཞན་ཞིག་ནི་བཟོད་སེམས་འདི་ཡིན་པར་ཞི་བདེའི་དེད་དཔོན་དག་གིས་ཡང་ཡང་གསུངས་པ་ལྟར། ཆུང་ཁྱིམ་ཚང་ཞིག་ནས་ཆེ་སྟོབས་ཆེན་རྒྱལ་ཁབ་བར་གྱི་དཀའ་རྙོག་དང་དམག་འཁྲུག་ཡོད་ཚད་ཕན་ཚུན་བཟོད་བསྲན་གྱི་སེམས་བསྐྱེད་མ་ཐུབ་པ་ལ་བརྟེན་ནས་བྱུང་དང་འབྱུང་བཞིན་ཡོད། འཛམ་བུའི་གླིང་འདིའི་མི་ཀུན་གྱིས་ཐ་ན་བཟོད་པའི་སེམས་ཅུང་ཟད་རེ་སྐྱེད་ཐབས་ལ་བརྩོན་པ་ཡིན་ན་འཛམ་གླིང་ཞི་བདེ་རང་ཁྱིམ་གྱི་སྒོ་དྲུང་ན་གནས་པ་དེས་ན་བཟོད་པའི་སེམས་གྲུབ་པའི་སྤྱོད་ཡུལ་ནི་ངོ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས། རྒྱལ་སྲས་ཞི་བ་ལྷས་ཀྱང༌། བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་གསུངས་ཡོད་ལ། རང་གི་དབུ་དང་ཡན་ལག་ཡོད་ཚད་བཅད་ནས་ཁྱེར་ཀྱང་ད་དུང་ཁོང་མི་ཁྲོབའང་བཟོད་པའི་སྟོབས་ཤུགས་ལ་ཐུག་ཅིང༌། དེ་དག་ལ་ང་ཚོ་ཡ་མཚན་སྐྱེ་བའང་བཟོད་པའི་སེམས་མེད་པ་ཙམ་ལ་ཐུག་ཡོད།

སྔར་ང་ཚོའི་ཡབ་མེས་ཚོ་དང་མ་ཟད་ང་ཚོའི་ཚེ་སྟོད་དུ་བསམ་བློའི་ཟུར་ཙམ་ལའང་འཁོར་མ་མྱོང་བའི་དེང་དུས་ཀྱི་འཛུགས་སྐྲུན་དང་འཕྲུལ་ཆས་གྲངས་ལས་འདས་པ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་ཡང༌། ཐོག་བརྩེགས་བརྒྱ་ཕྲག་དུ་མ་དང་ཁག་མིག་སྟོང་ཕྲག་དུ་མ་དང་ལྡན་པའི་ཁང་པ་རྡོ་རིང་གནམ་ལ་ཟུག་པ་ལྟ་བུ་དང་བཟོ་ལས་འཛུགས་སྐྲུན་གྱི་བསྟི་གནས་བགྲང་གིས་མི་ལང་བས་གང་བའི་གྲོང་ཁྱེར་གྱི་བཀོད་པ་ཕུན་སུམ་ཚོགས་པ་འདི་དག་དང༌། མཁའ་ལམ་བརྒྱུད་ནས་མི་ཚོགས་བརྒྱ་ཕྲག་མང་པོ་སྟབས་ཅིག་ཏུ་ཁྱེར་ནས་བྱ་རྒོད་ལྟར་འཕུར་བའི་ལྕགས་ཀྱི་བྱ་གནམ་གྲུ་དང༌། སྐྱེ་བོ་སྟོང་ཕྲག་དུ་མ་ཞི་བདེ་བག་ཕེབས་ཀྱི་ངང་མཐའ་ཡས་རྒྱ་མཚོ་ཆེན་མོ་བགྲོད་པར་བྱེད་པའི་སྲོག་མེད་ཀྱི་ཉ་ཆེན་གྲུ་གཟིངས་དང༌། ས་ལ་རླུང་ལྟར་རྒྱུ་བའི་སྦག་སྦག་དང༌། རྟ་རྒོད་ལྟར་རྒྱུགས་པའི་རླངས་འཁོར་གྱི་རིགས་སྣ་ཚོགས་པ་དག་དང༌། འགྲིམ་འགྲུལ་བ་ཁྲི་ཕྲག་དུ་མ་ཁྱེར་ནས་ཤར་ནས་ནུབ་དང་ནུབ་ནས་བྱང་སོགས་སུ་ཅི་དགར་ལྕགས་ལམ་ཕྲ་མོ་གཉིས་ཀྱི་སྟེང་དུ་ཉིན་མཚན་ཁོར་མོ་ཡུག་ཏུ་རི་གཟར་གྱི་བབ་ཆུ་ལྟར་རྒྱུ་བའི་ཉལ་ཁང་ནར་མོ་མེ་འཁོར་དང༌། འོག་ནས་བཤད་པའི་མིའི་མིག་གི་མངོན་ཤེས་དང་མྀའི་རྣ་བའི་མངོན་ཤེས་སོགས་དེང་དུས་ཀུན་ལ་ཡོད་པའི་མངོན་ཤེས་དག་དང༌། འཛམ་གླིང་ཤར་ནུབ་མཐའ་བཞི་མཚམས་བརྒྱད་ཀྱི་གནས་ཚུལ་དང་འབྲེལ་ལམ་འཛིན་པའི་གློག་གི་བང་ཆེན་དྲ་རྒྱ་དང༌། ཚད་གཟུང་དུ་མེད་པའི་བྱེད་ལས་ཅན་གྱི་གློག་གི་ཀླད་པ་རྩིས་འཁྲུལ་ལ་སོགས་པ་སྔར་མེད་ཀྱི་ཆོ་འཕྲུལ་གཞལ་གྱིས་མི་ལང་བ་ཞིག་འབྱུང་ཡོད། ཁྱོད་ཀྱིས་ལེགས་པར་བསམས་ན་དེ་དག་བསམ་ཡུལ་ལས་འདས་པ་ཞིག་མ་ཡིན་ནམ། ཡང་སྙིང་དེ་དག་ཀུན་ཀྱང་ནང་གི་རྣམ་དཔྱོད་ཀྱི་རྩལ་ཤེས་རབ་རྨད་དུ་བྱུང་བ་ཞིག་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པ་སྟེ། ནང་གི་རྣམ་དཔྱོད་ཤེས་རབ་ཀྱི་ལག་རྗེས་རྣམ་པར་བཀྲ་བ་ཞིག་ཡིན།

ནང་ཆོས་ལས་བཤད་པའི་བདེ་བ་ཅན་སོགས་ཞིང་གི་བཀོད་པ་དག་ཐོས་སྐབས་ཧང་སང་སང་དང་རྣ་བར་མི་འགྲོ་མདོག་མདོག་བྱེད་ཀྱང༌། དོན་ངོ་མར་ད་ལྟ་ང་ཚོའི་དུས་རབས་ཉེར་གཅིག་པའི་ཞིང་ཁམས་ཀྱི་བཀོད་པ་འདི་ཡང་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་གྱུར་ཡོད། ཁྱད་པར་ནི་ང་ཚོའི་གོ་སྐལ་དུ་གྱུར་མ་གྱུར་ཙམ་ཡིན། ད་ལྟའི་འཛམ་གླིང་ཞིང་ཁམས་ཀྱི་བཀོད་པ་འདི་ཡང་ནམ་ཞིག་ལོ་རྒྱུས་ཀྱི་ཤོག་ལྡེབ་འགའ་ཞིག་ཏུ་གྱུར་ཏེ་སྔར་དེ་དང་དེ་ལྟ་བུ་བྱུང་ཡོད་འདྲ་སྙམ་པ་ཙམ་ལས་ཡིད་མི་ཆེས་པའི་གནས་ཤིག་ཏུ་གྱུར་པའང་ངས་ད་ལྟ་ནས་ལུང་བསྟན་མི་ནུས་པ་མིན། དེའི་ཚེ་མ་འོངས་པའི་མི་རྣམས་ཀྱིས་གོང་དུ་བཤད་པའི་ལྕགས་བྱ་དང་སྲོག་མེད་ཀྱི་ཉ་ཆེན་སོགས་བྱུང་མྱོང་བའི་ལོ་རྒྱུས་བཀླགས་ཤིང་ཐོས་སྐབས་ཁ་ཅིག་ནོན་མི་ཐུབ་པའི་ཁྲེལ་དགོད་ཀྱང་བྱེད་ངེས་རེད། ད་ལྟ་ང་ཚོས་བསམ་གྱིས་ཁྱབ་ཤག་ཤག་བྱེད་པ་དག་དེ་དུས་ཁོ་ཚོར་ཤིན་ཏུ་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་གྱུར་ཡོད་སྟབས་དེ་ལྟར་བྱེད་པར་ཐུགས་ཁག་མེད།

ཉིན་མ་ཁ་ཤས་ནང་བྲིས་པའི་རི་མོ་ཞིག་ལ་ཨ་སྒོར་ས་ཡ་མང་པོའི་རིན་གོང་ཐོག་ཉོ་འཚོང་བྱེད་བཞིན་པའི་གནས་ཚུལ་འདི་ཡང་བསམ་གྱིས་མི་ཁྱབ་པ་ཞིག་རེད། ཁ་ཅིག་གིས་རྩོམ་ཡིག་པོད་ཆེན་བཅུ་ཕྲག་ཁ་ཤས་བྲིས་ཀྱང་གོ་མེད་ཚོར་མེད་ངང་དཔེ་ཁྲིར་རུལ་བཞིན་ཡོད་ལ། ཁ་ཅིག་གིས་དེབ་ཆུང་གཅིག་གཉིས་ཙམ་ལ་བརྟེན་ནས་འཛམ་གླིང་ནོ་སྦེལ་རྩོམ་རིག་གཟེངས་རྟགས་འཐོབ་ཀྱིན་ཡོད། དཔེ་མཚོན་དེ་གཉིས་མཐར་གཏུགས་ན་ནང་གི་རྣམ་དཔྱོད་ཀྱི་རྣོ་ཁ་ཞིག་ལ་རག་ལས་ཡོད། ནང་གི་ཤེས་རབ་ཀྱི་ནུས་མཐུ་ཞིག་ལ་བརྟེན་ནས་རི་མོ་ཞིག་བྲིས་ཀྱང་ཨ་སྒོར་ས་ཡ་མང་པོའི་གཏེར་མཛོད་དུ་འགྱུར་ལ། རྩོམ་ཡིག་ཅིག་བྲིས་ཀྱང་འཛམ་གླིང་གི་སྐྱེ་བོ་དུང་ཕྱུང་མང་པོའི་སེམས་པ་འགུགས་པའི་བྱེད་ལས་ཅན་ཞིག་འཐོན་གྱི་ཡོད། དེར་བརྟེན་ཤེས་རབ་ཀྱི་ནུས་མཐུ་ནི་ཆེས་ཤིན་ཏུ་བསམ་གྱིས་མི་ཁྱབ།

ང་ཚོས་དེང་སང་སློབ་སྦྱོང་དང་སློབ་སྦྱོང་ཟེར་ནས་ཆེས་ཆེར་གླེང་བའང་ཆོས་རབ་ཏུ་རྣམ་པར་དཔྱོད་པའི་ཤེས་རབ་འདིའི་ཆེད་དུ་ཡིན་ལ། བྱིས་པ་ཞིག་གིས་ཡི་གེ་ཀ་གཅིག་བྲིས་པའང་ཤེས་རབ་ཀྱི་ལག་རྗེས་སུ་གསུངས་ཡོད། མི་དེ་ཤེས་ཡོན་ཅན་ཡིན་མིན་དང་མཁས་པ་ཡིན་མིན་ཡང་ནང་གི་རྣམ་པར་དཔྱོད་པའི་ཤེས་རབ་ཅིག་ལ་ཐུག་པ་ལས། སློབ་སྦྱོང་བྱས་མང་ཉུང་དང་ལོ་ཚོད་ཆེ་ཆུང་སྟོབས་འབྱོར་ལྡན་མིན་ལ་གཏན་ནས་ཐུག་མེད། སྔོན་ཐོན་དང་རྗེས་ལུས་ཀྱི་རྣམ་གཞག་དག་ཀྱང་སྤྱི་ཚོགས་དེའི་མི་རྣམས་ཀྱི་ཤེས་རབ་ལ་སྦྱོང་བརྡར་དང་སློབ་སྦྱོང་ཐེབས་མ་ཐེབས་ལ་རག་ལས་ཤིང༌། དུས་རབས་གསར་པའི་མི་ཡིན་མིན་ཡང་ཚན་རིག་པར་རྨོངས་དད་བྱེད་མིན་དང་སྤྱི་ཚོགས་འཛུགས་སྐྲུན་ལ་མོས་མིན། དེ་བཞིན་ཆོས་ལ་དུག་ཏུ་རྩི་མིན་སོགས་ལ་བརྟེན་ནས་འཇོག་པ་མ་ཡིན་པར། གཞན་ལ་བསམ་ཤེས་ཐུབ་པའི་གུ་ཡངས་ཀྱི་ཤེས་རབ་ཅིག་ཡོད་མེད་ཁོ་ནར་ཐུག་འདུག གངས་ཅན་པ་རྣམས་འདི་ལྟར་ཡུལ་གྱར་བར་གྱུར་པ་ལ་རྒྱུ་མཚན་སྣ་མང་ཡོད་སྲིད་ཀྱང་དོན་ངོ་མར་དེ་དུས་ཤེས་རབ་ཅན་ཧ་ཅང་ཉུང་དྲགས་པས་བྱས་ཡོད། ཡེ་ཤུའི་རྗེས་འཇུག་འདི་ལྟར་མང་ཞིང་ང་ཚོའི་རྗེས་འཇུག་འདི་ལྟར་ཉུང་བའང་མཐར་གཏུགས་ན་ནང་གི་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་རྩལ་དཀྲུག་ཐུབ་དང་མ་ཐུབ་ལ་རག་ལས། དེར་བརྟེན་ཤེས་རབ་དང་ལྡན་པའི་སྐྱེས་བུ་དེས་འཇིག་རྟེན་འདིའི་སྟེང་ཆོས་དང་འཇིག་རྟེན་གྱི་བྱ་བ་སྒྲུབ་མི་ཐུབ་པ་གང་ཡང་མེད་ལ། ཆོས་དང་འཇིག་རྟེན་གྱི་རླབས་ཆེན་གྱི་བྱ་བ་ཡོད་ཚད་ཆོས་རབ་ཏུ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ཀྱི་ཡོད། དེའི་ཕྱིར་ཤེས་རབ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་ཅིང་འདི་དང་དེ་ཙམ་ཞེས་ངག་གི་སྤྱོད་ཡུལ་ལས་ཀྱང་འདས་སོ། །ངེད་ཅག་ནང་པ་སངས་རྒྱས་པ་རྣམས་ཀྱིས་གཉེར་བྱ་མཐར་ཐུག་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་དེ་ཡང་ནུས་པ་ཡོངས་སུ་རྫོགས་པའི་ཤེས་རབ་མཐར་ཐུག་པ་ཞིག་ཡིན་ལ། རིམ་པ་བཞིན་དུ་མ་ཤེས་པ་ནས་ཤེས་པ་དང༌། ཤེས་པ་ནས་ཤེས་རབ། ཤེས་རབ་ནས་ཤེས་པ་རབ་ཀྱི་རབ་སྟེ་རྣམ་མཁྱེན་ཡེ་ཤེས་དེ་འབྱུང་གི་ཡོད། མདོར་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཟེར་བའང་བདག་མེད་རྟོགས་པའི་ཤེས་རབ་ཅིག་ལས་ལོགས་སུ་གྱུར་པ་ག་ལ་མཆིས།

བྱེ་བྲག་ཏུ་སྐབས་དོན་ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ།

དེ་ལྟར་སྦྱིན་པ་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་ཤེས་རབ་བཅས་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་ན། ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་ནུས་མཐུ་ཡང་བསམ་གྱིས་མི་ཁྱབ་པ་གཅིག་མཚུངས་ཅིའི་ཕྱིར་མིན། ཏིང་ངེ་འཛིན་ལ་བརྟེན་ནས་གྲུབ་པའི་མངོན་ཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་སྐོར་ནི་འོག་ནས་བཤད་པས་འདིར་མི་ཟློ་ལ། སྐབས་འདིར་ཏིང་ངེ་འཛིན་རང་ཉིད་བཤད་ན། དེ་ཡང་ཏིང་ངེ་འཛིན་ཞེས་པ་ནི་གང་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པའི་སེམས་ཤིག་ལས་གཞན་མིན། སྐར་མ་ལྔ་ཙམ་ཡང་དམིགས་པ་ལ་སེམས་གནས་མི་ཐུབ་པའི་ང་ཚོར་མཚོན་ན། ཞག་དང་ཟླ་བ་ལོ་དང་མི་ཚེ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅེས་པ་སོགས་སྔོན་གྱི་ལོ་རྒྱུས་དག་ནི་བློ་ཡུལ་དུ་མི་ཤོང་བ་ལོས་ཡིན།

ང་ཚོ་སློབ་གཉེར་བ་ཞིག་གི་ངོས་ནས་གླེང་ན། ཁ་ཅིག་གིས་ཞོགས་པའི་སློབ་ཁྲིད་ཆུ་ཚོད་གཅིག་དང་ཕྱེད་ཀའི་སྐབས་སེམས་གཞན་དུ་མ་གཡེངས་པར་རྩེ་གཅིག་ཏུ་ཉན་ཐུབ་ཀྱི་ཡོད་ལ། ཁ་ཅིག་གིས་སྐར་མ་བཅུ་ཙམ་ཡང་སློབ་ཚན་ལ་སེམས་གནས་ཐུབ་ཀྱི་མེད། ཁོ་བོའི་འཛིན་གྲོགས་ཁ་ཤས་ཀྱིས་སྤྲུལ་སྐུ་ཁྱེད་ནི་དཔེ་ཁྲིད་སྐབས་ཉིན་ལྟར་རྩེ་གཅིག་ཏུ་ཉན་ཐུབ་ཀྱི་འདུག་ཅེས་ཧང་སང་མདོག་གིས་སྐད་ཆ་ཤོད་མཁན་བྱུང༌། དོན་ངོ་མར་ངས་དཔེ་ཁྲིད་ཉན་སྟངས་དེ་ཁོའི་བློ་ངོར་ཤོང་གི་མེད། ཅིའི་ཕྱིར་ཞེ་ན། ཆོས་གྲོགས་ཁོང་གི་སེམས་དེ་དཔེ་ཁྲིད་ཀྱི་སྟེང་དུ་སྐར་མ་བཅུ་གྲངས་ཤིག་ཀྱང་གནས་མ་ཐུབ་པས་རེད། ཆུང་ས་དེ་འདྲ་ཞིག་ལའང་སེམས་ཀྱི་ནུས་སྟོབས་ཆེ་ཆུང་ཤོར་ན་ཆེ་ས་ནས་ལྟ་ཅི་སྨོས། སོ་སོ་རང་ཉིད་སློབ་ཁྲིད་ལ་སྐར་མ་ཁ་ཤས་ཙམ་ཡང་སེམས་གནས་མི་ཐུབ་པའི་རྒྱུ་མཚན་གྱིས་སློབ་གྲོགས་གཞན་རྣམས་ཀྱང་དེ་ལྟར་ཡིན་ཤག་བྱེད་པའམ་དེ་ལྟར་ཡིན་དགོས་པར་སྙམ་སྲིད་ན། དེ་ནི་སྙིང་རྗེའི་གནས་ཤིག་ལས་གཞན་ཅི། དེས་ན་ང་ཚོས་རང་གཞན་ཐམས་ཅད་ཀྱི་སེམས་ཀྱི་ནུས་སྟོབས་གཅིག་པ་མ་ཡིན་པའི་གནད་དོན་འདི་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ། སེམས་ཀྱི་ནུས་མཐུ་ཆེ་ཆུང་གི་ཁྱད་པར་ཞིག་ལ་བརྟེན་ནས་དེའི་བྱེད་ལས་དང་སྤྱོད་ཡུལ་ལའང་ཁྱད་ཤོར་བ་ཆོས་ཉིད་ཆགས་ཡོད། བདག་ཅག་དང་བདག་ཅག་ལས་འདས་པའི་སྐྱེས་བུ་དག་གི་སེམས་ཀྱི་ནུས་མཐུ་ལ་ཁྱད་ཆེན་པོ་ཤོར་བ་ལ་བརྟེན་ང་ཚོས་མཐོང་མི་ཐུབ་པ་མང་པོ་ཞིག་ཁོང་ཚོས་མཐོང་ལ། ང་ཚོས་ཤེས་མི་ཐུབ་པའམ་མི་ཤེས་པ་མང་པོ་ཞིག་ཁོང་ཚོས་ཤེས་ཤིང་ང་ཚོས་བསམ་བློ་ཙམ་ཡང་འཁོར་མ་མྱོང་བ་མང་པོ་ཞིག་ཁོང་ཚོས་སྒྲུབ་པར་བྱེད་ཀྱི་ཡོད། གྲོང་གསེབ་ནས་སྐྱེས་པའི་ཕྲུ་གུ་ཞིག་འཛམ་གླིང་ཞི་བདེ་དང་ཀུན་ཁྱབ་འགན་ཁུར་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཆེད་དུ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་སྐོར་བཞིན་ཡོད་ཀྱང༌། ཁ་ཅིག་རང་གི་ལྟོ་རྒྱབ་ཙམ་ཡང་སྒྲུབ་མ་ཐུབ་པར་ལུས་བསྡད་ཡོད། དེ་དག་ཀྱང་ཅིས་ལན། ཅིས་ཉེས་ཟེར་ན། ཚེ་སྔོན་དང་ཚེ་འདིའི་སེམས་ཀྱི་ནུས་རྩལ་ཆེ་ཆུང་ཞིག་ལ་རག་ལས་ཡོད། དེའི་ཕྱིར་ང་ཚོས་གང་ཟག་ཐམས་ཅད་སེམས་ཀྱི་ནུས་རྩལ་རང་ཉིད་ལྟར་གཅིག་མཚུངས་ཡིན་པའི་ལྟ་ཚུལ་གུ་དོག་པོ་གཟུང་རྒྱུ་མེད་ལ། རང་ཉིད་ཀྱིས་བློས་བསམ་གྱིས་མི་ཁྱབ་པའི་གནས་དོན་འབུམ་ཕྲག་ནས་འབུམ་ཕྲག་ཡོད་པ་ཁས་ལེན་མི་བྱེད་ཀ་མེད་ཡིན། ལོང་བ་ཞིག་ལ་མཚོན་ན། ཁོ་རང་ལ་གཟུགས་མཐོང་བའི་ནུས་པ་མེད་གཤིས་ཕལ་ཆེར་ཁོས་མི་ཚེ་ཧྲིལ་པོར་གཟུགས་མཐོང་མི་ཐུབ། དེ་བཞིན་དུ་འོན་པས་སྒྲ་ཐོས་པ་དང་ཞ་བོས་རྒྱུགས་ཤར་འཐེན་པ་སོགས་ནི་མི་སྲིད་ཅེས་སྨྲ་ཆོག འོན་ཀྱང་རང་ཉིད་ལ་གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་ཀྱི་ནུས་པ་མེད་པ་མ་རྟོགས་པར་གཞན་གྱིས་མཐོང་ཐོས་ལ་སྒྲོ་སྐུར་བྱེད་པ་ནི་ཤེས་པ་རང་བཞིན་དུ་མ་གནས་པ་ཞིག་སྟེ། དེང་དུས་ཀྱི་ཤོད་སྟངས་ལྟར་ན། རྩ་མ་ཚང་བའམ་རྩ་འཐེབ་ལྷག་ཅན་ཞིག་ལས་མ་འདས་སོ།།

ཡང་གཅིག་བཤད་ན། སློབ་ཁྲིད་ལ་ཆུ་ཚོད་གཅིག་སེམས་གནས་ཐུབ་ན་དེའི་ཚོད་ཀྱིས་ཐོས་བྱུང་གི་ཤེས་རབ་འཐོབ་ལ། ཆུ་ཚོད་གཉིས་གནས་ཐུབ་ཚེ་དེའི་ཚོད་ཀྱིས་ཐོས་བྱུང་གི་ཤེས་རབ་བྱུང༌། དེ་བཞིན་དུ་རང་སྦྱོང་དང་དཔེ་ཀློག་སོགས་ཀྱི་ཚེ་ནའང་ཇི་ཙམ་གྱིས་རྣམ་གཡེང་མེད་པར་སེམས་རྩེ་གཅིག་ཏུ་སྦྱོང་ཐུབ་པ་དེ་ཙམ་གྱིས་བསམ་བྱུང་གི་ཤེས་རབ་འཐོབ་པ་ཡིན། ང་ཚོའི་ཆོས་དང་འཇིག་རྟེན་གྱི་བྱ་བ་ཆེ་ཕྲ་ཡོད་ཚད་ཀྱང་ཇི་ཙམ་གྱིས་རྣམ་གཡེང་སྤངས་ཏེ་སེམས་རྩེ་གཅིག་གིས་འཇུག་པ་དེ་ཙམ་གྱིས་མཇུག་འབྲས་བཟང་པོ་སྨིན་པ་མཐོང་ཆོས་སུ་གྱུར་ཡོད་པས། འཇོག་ཐབས་དགུ་སོགས་ལ་བརྟེན་ནས་ཞི་གནས་སྒྲུབ་པའང་གནད་དོན་དེ་འདྲ་ཞིག་ལ་ཐུག འཇོག་ཐབས་དགུ་སོགས་ཀྱི་མན་ངག་དག་ལ་བརྟེན་ནས་ནམ་ཞིག་ཞི་གནས་གྲུབ་པའི་ཚེ་ན། དེའི་ལག་རྗེས་སུ་ལུས་སེམས་ལ་ཤིན་སྦྱངས་དང་དབང་པོ་དག་ལ་མངོན་ཤེས་དང་རྫུ་འཕྲུལ་སྣ་ཚོགས་པ་འཐོབ་པར་གསུངས་ཡོད། ཡིན་ནའང་ང་ཚོར་ཁག་མེད། སྐར་མ་ལྔ་དྲུག་ཙམ་ཡང་སེམས་རྩེ་གཅིག་ཏུ་མི་གནས་པའི་ང་དང་ང་ལྟ་བུར་མཚོན་ན་དེ་ནི་བསམ་གྱིས་མི་ཁྱབ་པ་སྨོས་ཅི་དགོས། དེ་ལྟར་མདོར་མཚོན་ཙམ་མཚོན་ཙམ་བཤད་པའི་རྒྱུ་མཚན་དེ་དག་གིས་ཕྱིར་ན་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་ཅེས་གསུངས་པ་ཡིན།

དེ་ལྟར་རིགས་བསྒྲེས་པར་བྱས་ཏེ། གཞན་ཡང་ངེས་པར་ཤེས་དགོས་པ་ནི། བྱམས་པ་དང་སྙིང་རྗེ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ལ། བརྩེ་བ་དང་ལྷག་བསམ་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ། དེ་བཞིན་དུ། སྙིང་སྟོབས་དང་ཡིད་ཆེས་དང་བསམ་ཤེས་དང་བསྔོ་བ་དང་སྨོན་ལམ་དང་འདུན་པ་རྣམས་ཀྱི་ནུས་མཐུ་ཡང་བསམ་གྱིས་མི་ཁྱབ། འདོད་ཆགས་དང་ཁོང་ཁྲོ་དང་མ་རིག་པ་དང་ང་རྒྱལ་དང་ཕྲག་དོག་དང་འགྲན་སེམས་དང་འཁོན་འཛིན་སོགས་ཀྱི་ནུས་མཐུ་ཡང་བསམ་གྱིས་མི་ཁྱབ་པར་ཤེས་ཐུབ། དེ་ལྟར་ནང་སེམས་ཀྱི་ནུས་མཐུ་དང་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་གནད་དོན་འདིར་གོ་མྱོང་རྟོགས་པ་ཅི་རིགས་པ་ཞིག་མེད་ཚར་ནས་བཟུང་ང་ནང་པ་ཡིན་ཞེས་སེམས་ནས་བསམས་ཤིང་ངག་ནས་བརྗོད་ཀྱང་དོན་དུ་ངོ་ཚ་དགོས་པའི་སྐད་ཆ་ཞིག་ཆགས་ཡོད། མ་ཟད་ད་དུང་ཡོད་ཚད་ཚུར་མཐོང་གི་བློ་ཅན་ཆེ་གེ་མོ་ཞིག་གིས་ཐག་གཅོད་དང་མཐོང་ཚུལ་ལྟར་གནས་དགོས་པར་སྙམ་བཞིན་པའི་མགོ་རིལ་དེ་ཚོ་དང་འདི་ཚོ་ནི་ལེགས་པར་བསམས་ན། ནང་པའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་བསམ་གྱིས་མི་ཁྱབ་པ་ཞིག་རེད་ལ། ཁྱད་པར་དུ་ནང་ཆོས་ཀྱི་གཞུང་ལུགས་ཆེན་མོར་སློབ་གཉེར་བྱས་དང་བྱེད་བཞིན་པ་ཞིག་ཡིན་ན་དེ་བས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་རེད།

སེམས་ཀྱི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་སྤྱི་དང་ཁྱད་པར་དུ་ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་གོ་བ་གཏིང་ཟབ་རེ་ལོན་ཚེ། ད་གཟོད་གངས་ལྗོངས་ཐེག་པ་ཆེན་པོའི་ནང་པའི་སྤྱི་ཚོགས་འདིའི་ནང༌། གསོལ་འདེབས་དང་ཡིད་ཆེས་བྱེད་པ། ཐུགས་གཏད་དང་སྐྱབས་འཇུག་ཞུ་བ། བསྔོ་བ་དང་སྨོན་ལམ་འདེབས་པ། དེ་བཞིན་དུ་དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཞེས་གྲགས་པ་སོགས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པར་རྟོགས་ཐུབ། དཔེར་ན། དྲན་པ་ཉེར་གཞག་སོགས་ལས། སྒོ་ང་ལས་སྐྱེས་པ་དང་ཆུ་སྲིན་སོགས་ཀྱིས་རྒྱ་མཚོའི་ངོགས་བྱེ་མའི་ནང་དུ་སྒོ་ང་བཞག་སྟེ་རང་ཉིད་ཆུའི་ནང་དུ་སོང་ཡང༌། ཆུ་སྲིན་ཨ་མ་དེས་རང་གི་བུ་མ་བརྗེད་པར་ཡིད་ལ་མུ་མཐུད་དྲན་པའི་སྟོབས་ལ་བརྟེན་ནས་ཆུ་སྲིན་གྱི་ཕྲུ་གུའི་སྲོག་འཚོ་བར་གསུངས་ཡོད། སེམས་ཅན་གཅིག་གི་སེམས་ཀྱི་ཡིད་བྱེད་ལ་བརྟེན་ནས་སེམས་ཅན་གཞན་ཞིག་གི་སྲོག་འཚོ་བའི་གནས་དོན་འདི་ཡང་བསམ་གྱིས་མི་ཁྱབ་པ་ལྟར། ལེགས་པར་བསམས་ན་སེམས་ཅན་རྣམས་ལ་མ་བུ་ལྟར་བརྩེ་བའི་སེམས་དཔའ་རྣམས་ཀྱི་ཐུགས་གཏད་སྐྱབས་འཇུག་ཟེར་བའང་དེ་འདྲ་ཞིག་ཡིན་ལ། དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཞེས་པའང་དཔེ་དེས་མཚོན་ཐུབ། གཞན་ཡང་གསང་བ་སྔགས་ཀྱི་ཕྲིན་ལས་རྣམ་བཞི་འཆད་པའི་སྐབས་སུ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་ཚང་དགོས་པ་དང་རྫས་དང་སྔགས་དང་ཏིང་ངེ་འཛིན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པར་གསུངས་པའང་གོང་གསལ་དེ་དག་གིས་འགྲེལ་བརྗོད་བགྱིད་ཐུབ། གོང་དུ་ཡང་ཡང་བཤད་ཟིན་པ་བཞིན་དུ་འདུན་པའི་སེམས་ཀྱི་ནུས་མཐུ་ཡང་འདི་དང་དེ་ཞེས་བསམ་བརྗོད་ཀྱི་ར་བ་ལས་འདས་གཤིས། གསང་སྔགས་ཀྱི་ཆོ་ག་ཟབ་མོ་དག་ལས་སེམས་ཀྱི་འདུན་པ་གཏད་པ་ནི་ཤིན་ཏུ་གལ་ཆེ་བར་མགྲིན་གཅིག་དབྱངས་གཅིག་གིས་བསྟན་པའང་སེམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དེ་དག་ལ་ཐུག་ཡོད།

མངོན་ཤེས་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ།

གོང་དུ་བཤད་པའི་ཏིང་ངེ་འཛིན་དེ་གྲུབ་པ་ལ་བརྟེན་ནས་མངོན་ཤེས་ལྔ་སོགས་ཐུན་མོང་མ་ཡིན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་རང་བཞིན་གྱིས་འཐོབ་ཀྱི་ཡོད། སྐབས་འདིར་མངོན་ཤེས་ལྔའི་སྒོ་ནས་བཤད་རྒྱུ་ཡིན་པས་དེ་ལྔ་ནི། ལྷའི་མིག་གི་མངོན་ཤེས་དང༌། ལྷའི་རྣ་བའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། རྫུ་འཕྲུལ་གྱི་མངོན་ཤེས་བཅས་སོ། །དེ་དག་ལྔ་ཀའང་ང་ཚོའི་བྱིས་བློ་ཐ་མལ་པ་འདིའི་སྤྱོད་ཡུལ་ལས་འདས་པ་འབའ་ཞིག་ཡིན་སྟབས། རང་གི་བློ་ཆུང་ཁོ་ན་ཚད་མར་འཛིན་པའི་སྐྱེས་བུ་དག་གིས་ནི་དེ་གང་འདྲ་ཡིན་ནམ་དེ་འདྲ་གཏན་ནས་ཡོད་མི་སྲིད་ཅེས་བསམ་བརྗོད་བྱེད་སྲིད་མོད། དེ་འདྲའི་ཡ་མཚན་དང་ཧང་སང་དགོས་དོན་མེད་དེ། དེང་སང་ང་ཚོར་ཡང་གཞན་སེམས་ཤེས་པའི་མངོན་ཤེས་མེད་པ་མ་གཏོགས་དེ་ལས་གཞན་མངོན་ཤེས་བཞི་ཀ་ཚང་ཡོད། དེ་ཡང་ང་ཚོས་རྒྱང་ཤེལ་ལ་བརྟེན་ནས་ཤིན་ཏུ་རྒྱང་རིང་གི་གཟུགས་ཐམས་ཅད་མཐོང་ཐུབ་ལ། ཆེ་ཤེལ་ལ་བརྟེན་ནས་རྡུལ་ཕྲ་རབ་ཀྱི་ཕྲ་རབ་དང་ནད་འབུ་ཤིན་ཏུ་ཕྲ་བ་ཡན་ཆད་མ་འདྲེས་གསལ་ཞིང་གསལ་བར་མཐོང་ཐུབ་ཀྱི་ཡོད། ནང་གི་བདག་རྐྱེན་མིག་དབང་དང་ཕྱིའི་བདག་རྐྱེན་རྒྱང་ཤེལ་དང་མིག་ཤེལ་ཆེ་ཤེལ་སོགས་ལ་བརྟེན་ནས་རྒྱང་རིང་ཐུང་གི་གཟུགས་ཕྲ་རགས་ཐམས་ཅད་མཐོང་ཐུབ་པ་འདི་མིག་གི་མངོན་ཤེས་མིན་ན་ཅི་ཡིན། ད་དུང་ཕྱི་ནས་འབྱུང་ལུས་གོས་ཀྱིས་གཡོགས་ཀྱང་ནང་ཡོངས་རྫོགས་དམར་རྗེན་དུ་མཐོང་བའི་མིག་ཤེལ་ཡང་ཡོད་པར་གྲགས་ཤིང་གྲུབ་ཡོད། འདི་ཡང་བསམ་གྱིས་མི་ཁྱབ་པའི་གནས་ཤིག་རེད། ཏིང་ངེ་འཛིན་གྲུབ་པ་ལ་བརྟེན་ནས་སྔར་ཡོད་ཀྱི་ཐ་མལ་པའི་དབང་པོ་དེའི་སྟེང་དུ་གསར་དུ་དབང་པོ་ཤིན་ཏུ་དྭངས་པ་ཞིག་ཐོབ་པས་ཐག་རིང་ཐུང་གི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་ཐུབ་པར་གསུངས་པ་དང༌། དེང་ཏིང་ངེ་འཛིན་སྒོམ་མི་དགོས་པར་སྔར་ཡོད་ཀྱི་དབང་པོ་ཐ་མལ་པ་དེའི་སྟེང་དུ་ཕྱི་རོལ་རྫས་ཀྱི་ནུས་པ་ཚོགས་པ་ལ་བརྟེན་ནས་བྱུང་བའི་ཆེ་ཤེལ་དང་རྒྱང་ཤེལ་སོགས་ཕྱིའི་བདག་རྐྱེན་དེ་དག་གིས་རྒྱང་རིང་ཐུང་གི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་ཐུབ་པ་གཉིས་བདག་རྐྱེན་གྱི་ཁྱད་པར་ཙམ་ལས་བྱེད་ལས་ཀྱི་ངོས་ནས་ཁྱད་ཅི།

ད་དུང་གཞན་ཡང༌། གཟུགས་མཐོང་ཁ་པར་དང་དྲྭ་རྒྱའི་གཟུགས་མཐོང་དཔར་ཆས་སོགས་ཀྱིས་ཕྱིའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་སྤྱི་ལེ་ཁྲི་ཕྲག་མང་པོའི་ཕ་རོལ་ལ་ལུང་སྟོང་ཕྲག་མང་པོའི་ཕར་རྒྱབ་རང་གི་ཕ་ཡུལ་ན་བཞུགས་པའི་ཕ་མ་སྤུན་མཆེད་སོགས་དང་ད་ལྟ་ད་ལྟ་ཚ་པོ་ཚ་པོ་ཞལ་རླངས་ཐོལ་ལེ་བ་བྱས་ཏེ་ཕན་ཚུན་མངོན་སུམ་དུ་འཕྲད་བཞིན་པ་ལྟར་མཐོང་ཐུབ་ལ་སྐད་ཆ་ཡང་ཅི་དགར་གླེང་ཐུབ་ཀྱི་ཡོད། ལེགས་པར་བསམས་ན། ལྷའི་མིག་གི་མངོན་ཤེས་ལ་ཡང་རྒྱང་རིང་ཐུང་གི་གཟུགས་ཕྲ་རགས་ཐམས་ཅད་མཐོང་ཐུབ་པ་ཙམ་ལས་མི་དང་མི་འཕྲད་པ་ལྟར་མཐོང་ཡུལ་དེ་དང་སྐད་ཆ་གླེང་ཐུབ་པར་གསུངས་མེད། དེར་བརྟེན་མིའི་མིག་གི་མངོན་ཤེས་འདི་ལྷའི་མིག་གི་མངོན་ཤེས་ལས་ལྷག་མེད་ན་སྐྱོ་མེད་པ་ཐག་ཆོད། ད་དུང་དཔེ་མཚོན་གཞན་ཡང་ཡོད། རང་ཤག་ཏུ་རྐང་བརྐྱངས་ལག་བརྐྱངས་ངང་ལྷོད་ལྷོད་བསྡད་དེ་འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་དུ་གནས་ཚུལ་གང་དང་གང་འབྱུང་བཞིན་པ་མཐའ་དག་ང་ཚོའི་ཆུ་བུར་གྱི་མིག་ཕྲ་ཆུང་གཉིས་པོ་འདིས་གསལ་པོར་མ་འདྲེས་པར་ལྟ་ཐུབ་ཀྱི་ཡོད། སྐབས་འདིར་མིའི་མིག་གི་མངོན་ཤེས་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ནི་གཟུགས་མཐོང་བརྙན་འཕྲིན་ཆགས་ཡོད།

ད་ལྟ་ཨ་རིའི་ཡུལ་དུ་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཚུགས་བཞིན་པའི་དབང་དུ་བཏང་ན། ང་ཚོས་རང་ཁྱིམ་གྲུ་བཞི་མར་ལྷོད་ལྷོད་བྱས་ནས་ཐག་རིང་པོ་དེ་འདྲའི་རྩེད་འགྲན་དེ་མངོན་སུམ་ལྟར་ལྟ་ཐུབ་ཀྱི་ཡོད། མདོ་དོན་དེ་དག་ཀུན་ལྷའི་མིག་གི་མངོན་ཤེས་ཀྱི་དཔེ་ཟླར་གྱུར་པ་ཞིག་ཡིན་ལ། ངས་དེ་དག་ལ་མིའི་མིག་གི་མངོན་ཤེས་ཞེས་ཐ་སྙད་འདོགས་ཆོག་པར་འདོད། ཡང་སྙིང་སྔོན་གྱི་ལྷའི་མིག་གི་མངོན་ཤེས་དང་དེང་གི་མིའི་མིག་གི་མངོན་ཤེས་གཉིས་པོར་བདག་རྐྱེན་གྱི་ཁྱད་པར་ཙམ་དུ་སྣང་བས། ལྷའི་མིག་གི་མངོན་ཤེས་བསམ་གྱིས་མི་ཁྱབ་པ་ཡིན་ན་དེ་བས་ཀྱང་མིའི་མིག་གི་མངོན་ཤེས་འདི་དག་བསམ་ཡུལ་ལས་འདས་པ་ཞིག་རེད།

དེ་བཞིན་དུ་ལྷའི་རྣ་བའི་མངོན་ཤེས་ཀྱང་དཔེ་ཡི་སྒོ་ནས་མ་བཤད་ན་བྱིས་པ་འགའ་ཧང་སང་སང་གིས་དེ་ལྟར་ཡོང་ག་ལ་སྲིད་ཅེས་ཡིད་ཆེས་འདྲེན་དཀའ་བའི་གནས་ཤིག་ཏུ་འགྱུར་བས་བཤད་པར་བྱ་སྟེ། དེང་དུས་ང་ཚོས་རི་ཆུ་ཐང་གསུམ་གྱིས་བསྐལ་དོན་དུ་གྱུར་ཅིང་ལེ་དབར་ཁྲི་འབུམ་མང་པོས་བར་དུ་ཆོད་པའི་ཤིན་ཏུ་རྒྱང་རིང་གི་ས་ནས་རང་གི་ཉེ་འབྲེལ་དང་གྲོགས་བཤེས་སོགས་ཀྱི་སྒྲ་སྐད་ཅི་འདོད་འདོད་དུ་ཐོས་ཐུབ་ཀྱི་ཡོད། དེ་ཡང་ཤིན་ཏུ་ཐག་རིང་གི་སྒྲ་སྐད་ཐོས་ཐུབ་པའི་ཕྱིའི་བདག་རྐྱེན་ཐུན་མོང་མ་ཡིན་པ་དེ་ནི་ཁ་པར་ཡིན། དུས་ཚོད་ལ་ཁྱད་པར་མེད་ལ་གང་ཟག་ལའང་ཁྱད་པར་མེད། ཐག་རིང་ཐུང་དང་ལོ་ན་རྒན་གཞོན་སློབ་སྦྱོང་ཡོད་མེད་སོགས་ཀྱིས་ཁྱད་པར་མེད་པར་མདོར་ན་སྒོར་མོ་ཡོད་ཅིང་ཨང་གྲངས་མནན་ཤེས་པ་ཞིག་ཡིན་ཚེ། ཉིན་གང་དྲིན་ཆེན་ཕ་མའི་གསུང་སྐད་ཉན་འདོད་ནའང་རང་ལག་ཏུ་གནས་ཡོད། ལྷའི་རྣ་བའི་མངོན་ཤེས་ཤོད་སྐབས་རྒྱང་རིང་ཐུང་གི་སྒྲ་ཕྲ་རགས་མཐའ་དག་ཐོས་ཐུབ་པར་གསུངས་པ་ལས་ད་ལྟའི་ཁ་པར་གྱིས་བདག་རྐྱེན་བྱས་པས་གྲུབ་པའི་མིའི་རྣ་བའི་མངོན་ཤེས་ལྟར་སྒྲ་ཚུར་ཐོས་པ་ཙམ་དུ་མ་ཟད་ཕར་ཡང་ཅི་འདོད་འདོད་དུ་ཕན་ཚུན་ལབ་གླེང་ད་ལྟ་ད་ལྟ་བྱེད་ནུས་པ་ལྟ་བུ་གསུངས་མེད། ཁ་པར་དུ་སྐད་ཆ་བཤད་བཤད་དང་སྒྲ་ཐོས་ཐོས་ཤིག་ལྷའི་རྣ་བའི་མངོན་ཤེས་ལའང་ཁག་པོ་ཡིན་པ་འདྲ། དེས་ན་མིའི་རྣ་བའི་མངོན་ཤེས་དེ་དག་ལྷའི་རྣ་བའི་མངོན་ཤེས་ལས་ཀྱང་ཡ་མཚན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་མོད། ང་ཚོས་རང་གིས་མངོན་སུམ་དུ་ལོངས་སྤྱོད་ཀྱིན་པའི་མངོན་ཤེས་འདི་དག་ལ་རྟོག་དཔྱོད་ཙམ་ཡང་མི་འཇུག་པར་བསམ་གྱིས་ཁྱབ་ཤག་ཤག་བྱེད་ཀྱི་ཡོད།

གསུམ་པ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ལ་མཚོན་ལ། དེང་རྒས་པོ་མགོ་དཀར་སོ་མེད་ཅིག་ཡིན་ཡང་བརྙན་ལེན་འཕྲུལ་ཆས་དང་དཔར་ཆས་ལ་བརྟེན་ནས་རང་གི་གཞོན་དུས་དང་བྱིས་དུས་ཀྱི་གནས་སྐབས་དག་གསལ་པོར་དྲན་གསོ་ཐུབ་པ་མ་ཟད་དེའི་སྐབས་ཀྱི་དབྱིབས་དང་ཁ་དོག་ཡུལ་དང་དུས་ཚེས་བྱ་བ་ཆེ་ཕྲ་གང་བྱས་ཀུན་ཀྱང་མངོན་སུམ་དུ་མིག་གིས་མཐོང་ཐུབ་ཀྱི་ཡོད་ལ། མ་འོངས་པའི་མི་རབས་རྣམས་ཀྱི་དྲན་ཡུལ་དུའང་འཇོག་ཐུབ་ཀྱི་ཡོད། ལོ་ངོ་བཅུ་ཕྲག་མང་པོའི་སྔོན་གྱི་སྒྲ་སྐད་ད་ལྟའང་ཐོས་ཐུབ་ཅིང་གཟུགས་དབྱིབས་ད་ལྟའང་མཐོང་ཐུབ་ཀྱི་ཡོད། དེ་ཡང་དུས་རབས་ཉི་ཤུའི་མགོ་སྟོད་ཀྱི་གླུ་གཞས་ཤིག་དུས་རབས་ཉེར་གཅིག་པའི་མགོ་སྟོད་འདིར་སྒྲ་མ་ཉམས་མདངས་མ་ཞིག་པར་ག་དུས་ཉན་ཉན་ཡིན་ལ། དེ་སྐབས་ཀྱི་སྣང་བརྙན་དག་ད་ལྟ་མདོག་མ་ཤོར་ཟུར་མ་ཉམས་པར་རང་འདོད་ལྟར་ག་དུས་ལྟ་ལྟ་ཆགས་ཡོད། དེ་ལ་སོགས་པ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་མཚོན་དཔེ་རུ་གྱུར་པ་དུ་མ་ཡོད། གལ་སྲིད་བདག་རྐྱེན་ཐུན་མོང་མ་ཡིན་པའི་འཁྲུལ་ཆས་དེ་དག་དང་མི་ལྡན་ཚེ་མཐོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་ཡང་ཚེ་འདིའི་གཞོན་དུས་དང་བྱིས་དུས་ཀྱི་གནས་སྐབས་རྣམས་ལྟ་ཞོག་ལོ་ངོ་འགའ་ཤས་ཡར་སྔོན་གྱི་གནས་ཚུལ་རྣམས་ཀྱང་ཇི་བཞིན་རྗེས་སུ་དྲན་ཐུབ་ཀྱི་མེད། དེར་བརྟེན་གཙོ་བོར་བདག་རྐྱེན་དབང་པོར་ཐུག་པས། ང་ཚོས་ད་བར་ཚེ་རབས་སྔོན་མ་རྣམས་ཀྱང་མཐོང་ཞིང་ཐོས་ཐུབ་པའི་བདག་རྐྱེན་དབང་པོ་ཞིག་སྐྲུན་ཐུབ་མེད་པ་མ་གཏོགས་གལ་སྲིད་དེ་འདྲའི་བདག་རྐྱེན་ཞིག་གསར་གཏོད་ཐུབ་པའི་དབང་དུ་བཏང་ན་ཚེ་རབས་སྔ་མ་རྣམས་ཀྱང་སྔོན་གནས་རྗེས་དྲན་ཐུབ་པ་སྨོས་ཅི་དགོས། དེ་འདྲའི་གནས་ཚུལ་ཞིག་ཕྱིན་ཆད་འབྱུང་མི་སྲིད་པའི་རྒྱུ་མཚན་སུས་ཀྱང་ཤོད་ག་ལ་ནུས། གལ་སྲིད་དེ་ལྟར་བྱུང་ན་ཏིང་ངེ་འཛིན་ལ་བརྟེན་ནས་ཐོབ་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དེ་ཡང་མོག་མོག་པོར་བྱེད་ངེས་རེད། འོན་ཀྱང་དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་ལ་མི་དད་པ་ཁ་ཅིག་གི་རྣ་བར་ཤོང་དཀའ་མོད། འཇིག་རྟེན་འདིའི་སྟེང་འདི་དང་འདི་མི་སྲིད་ཅེས་ཁ་ཚོན་གཅོད་རུང་བ་ཞིག་གཏན་ནས་མེད། སྤྱིར་བཏང་མ་ཡིན་པའི་སྤྱིར་བཏང་གི་ཤེས་བྱ་འདི་དག་ནི་ང་ཚོའི་ནང་པའི་གཞུང་ལུགས་ནང་གསལ་རྒྱས་རྫོགས་གསུམ་གྱིས་གསུངས་ཡོད་གཤིས། ང་རང་ལ་མཚོན་ན་གནད་དོན་དེ་དག་ཕྱོགས་གཅིག་ནས་ཡ་མཚན་སྐྱེ་གཞི་ཞིག་ཏུ་རྩི་ཡི་མེད།

ལྔ་པ་རྫུ་འཕྲུལ་གྱི་མངོན་ཤེས་ནི། དེ་ཡང༌། དེང་སང་ང་ཚོས་གནམ་གྲུ་དང་འཕུར་གུར་སོགས་ལ་བརྟེན་ནས་ནམ་མཁར་བྱ་ལྟར་འཕུར་བ་དང༌། གྲུ་གཟིངས་དང་དབུགས་སྣོད་སོགས་ལ་བརྟེན་ནས་ཆུ་ལ་ཉ་མོ་ལྟར་རྒྱུ་ཐུབ་པ་སོགས། ལྷའི་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་དོ་ཟླར་འོས་པ་ཞིག་ཅི་ལ་ཡིན། དེ་བཞིན་དུ་ཡི་གེ་དང༌། འདྲ་དཔར། གློག་བརྙན། གླུ་གཞས་སོགས་གཅིག་ལས་ཁྲི་ཕྲག་འབུམ་ཕྲག་དུ་མར་དཔར་བཤུས་བྱེད་པ་དང༌། མི་ཚོགས་ས་ཡ་མང་པོ་འདྲ་དཔར་གཅིག་གམ་གློག་བརྙན་གཅིག་གི་ནང་འཆར་བར་བྱེད་པ་སོགས་ལྷའི་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་དཔེ་མཚོན་དུ་གྱུར་པའི་མིའི་རྫུ་འཕྲུལ་གྱི་མངོན་ཤེས་ཤིན་ཏུ་མང་ཡང་རེ་ཞིག་སྤྲོས་པ་བསྐྱུངས། མདོ་དོན་ང་ཚོས་ཐུན་མོང་གི་དངོས་གྲུབ་མངོན་ཤེས་ལྔ་ཙམ་ཡང་དངོས་པོའི་གནས་ཚུལ་ལ་ཡོད་པར་སྒྲུབ་མ་ཐུབ་ཚེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དག་ཡོད་པར་འགྲེལ་བརྗོད་ཇི་ལྟར་བགྱིད། དེས་ན་ང་ཚོའི་ནང་པའི་ཡབ་ཆེན་གོང་མ་དག་གིས་དེའི་ཚེ་དེའི་དུས་དང་བསྟུན་ཏེ་སྒྱུ་མའི་དཔེ་བརྒྱད་ལ་བརྟེན་ནས་སྟོང་ཉིད་སྒྲུབ་པ་དང་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་གི་དཔེ་ལ་བརྟེན་ནས་སངས་རྒྱས་ཀྱི་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་སྒྲུབ་པ་ལྟར། ཁོང་ཅག་གི་རྗེས་འབྲང་ང་ཚོས་ཀྱང་དུས་རབས་འདིའི་ཚེ་འདིའི་དུས་ཀྱི་གསར་དར་འཕྲུལ་ཆས་སོགས་དངོས་པོ་དག་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་གནད་དོན་མཚོན་ཐུབ་པར་བརྩོན་དགོས་པ་ཡིན།

རྫས་ཀྱི་ནུས་པའང་བསམ་གྱིས་མི་ཁྱབ།

གོང་དུ་བཤད་པའི་གནམ་གྲུ་གནམ་ལ་འཕུར་བའང་རྫས་ཀྱི་ནུས་པ་ལ་བརྟེན་ནས་ཡིན་ལ། གྲུ་གཟིངས་མཚོ་ནང་རྒྱུ་བའང་རྫས་ཀྱི་ནུས་པ་ལ་བརྟེན་ནས་ཡིན། ཁ་པར་ཐོག་ཐག་རིང་གི་ཕ་མར་སྐད་ཆ་བཤད་པའང་རྫས་ཀྱི་ནུས་པ་ཡིན་ལ། མེ་འཁོར་དང་རླངས་འཁོར་ཆུ་ལྟར་རྒྱུགས་པའང་རྫས་ཀྱི་ནུས་པ་ཞིག་ལ་བརྟེན་ཡོད། སྐྱེ་བོ་འབུམ་ཕྲག་ལྡེབ་གཅིག་ཏུ་གསོད་པའི་མེ་སྒྱོགས་དང་རྡུལ་ཕྲན་མཚོན་ཆ་སོགས་ཀྱང་རྫས་ཀྱི་ནུས་པ་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། བསམ་ཡུལ་ལས་འདས་པའི་བྱེད་ལས་ཅན་གློག་ཀླད་དུ་གྲགས་པའི་འཁྲུལ་ཆས་སྐད་གྲགས་ཅན་འདི་ཡང་རྫས་ཀྱི་ནུས་པ་སྤུངས་སྦྱོར་ལ་བརྟེན་ནས་གྲུབ་ཅིང༌། གོང་དུ་བཤད་པའི་མིའི་མིག་གི་མངོན་ཤེས་སོགས་ཀྱང་བདག་རྐྱེན་རྫས་ཀྱི་ནུས་པ་ཞིག་གིས་བསྐྱེད་པ་ཤ་སྟག་ཆགས་ཡོད། ད་དུང་ཆུ་གློག་ཉི་གློག་སྐམ་གློག་སོགས་གློག་གི་རིགས་དག་ཀྱང་རྫས་ཀྱི་ནུས་པ་ལ་བརྟེན་ནས་བྱུང་བ་ཡིན། དེ་ལ་སོགས་པ་ཡ་མཚན་ཅན་གྱི་དེང་དུས་ཀྱི་གསར་བྱུང་དངོས་པོ་ཐམས་ཅད་རྫས་ཀྱི་ནུས་པ་ལ་རག་ལས་གཤིས། གོང་དུ་བཤད་པའི་རྣམ་པར་དཔྱོད་པའི་ཤེས་རབ་དང་འདིར་བཤད་པའི་རྫས་ཀྱི་ནུས་པ་གཉིས་ཚོགས་པར་གྱུར་པ་དེའི་ཚེ་རྟེན་འབྲེལ་གྱི་མཐུ་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ནས་ཅིར་ཡང་འཆར་ཞིང་ཅིར་ཡང་བསྐྲུན་དུ་རུང་བ་ཞིག་ཆགས་ཀྱི་ཡོད་པས་ན། ངེད་ཅག་ནང་པའི་ཡབ་ཆེན་མགོན་པོ་ཀླུའི་ཞལ་སྔ་ནས་ཀྱང༌། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་སེངྒེའི་སྒྲ་བསྒྲགས་ཡོད། གཞན་ཡང་གསང་བ་སྔགས་ཀྱི་སྐབས་སུ་ཞི་རྒྱས་དབང་དྲག་གི་ལས་གང་དང་གང་ལ་བརྩོན་ཀྱང་རྫས་ཀྱི་ནུས་པ་མེད་དུ་མི་རུང་བར་གསུངས་ལ། ཐོག་མའི་འཇུག་སྒོ་དབང་འཐོབ་པར་ཡང་དབང་རྫས་ནི་མེད་ཐབས་མེད་པའི་རྒྱུ་རྐྱེན་དྲུག་གི་ཡ་གྱལ་ཞིག་ཏུ་བཞག་ཡོད། དེའི་ཕྱིར་རྫས་དང་སྔགས་དང་ཏིང་ངེ་འཛིན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ཡང་ནན་གྱིས་གསུངས་ཤིང༌། རྫས་ཀྱི་སྦྱོར་བ་ལ་བརྟེན་ནས་ལས་སྣ་ཚོགས་སྒྲུབ་པའི་ཐབས་བསྟན་པའང་དུ་མ་ཞིག་མཆིས།

སྨན་གྱི་ནུས་པ་ཡང་བསམ་གྱིས་མི་ཁྱབ།

སྨན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་འདི་ནི་གོང་འོག་ཏུ་བཤད་པའི་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱི་མཐུན་དཔེར་གསུངས་པས། དེ་ཉིད་ཀྱི་གནད་དོན་རྟོགས་དགོས་པ་ནི་ཤིན་ཏུ་གལ་ཆེ་ཞིང་ཤིན་ཏུ་རྟོགས་སླ་བ་ཞིག་ཀྱང་ཡིན། ཁྱོད་ཀྱིས་ལེགས་པར་སོམས་དང༌། སྨན་རིལ་བུ་གཅིག་བཟས་པ་ལ་བརྟེན་ནས་ཁྱེད་ཀྱི་ཡུན་རིང་བཟོད་པར་དཀའ་བའི་མགོ་ནད་སྐད་ཅིག་ལ་ཡལ་འགྲོ་ལ། ཤིན་ཏུ་མནར་བའི་སོའི་ཟུག་གཟེར་དེ་མ་ཉིད་དུ་འཇམ་ཐིང་ངེར་གྱུར། འོ་ན་ང་ཚོས་ཅིའི་ཕྱིར་སྨན་གྱི་ནུས་པ་དེ་འདྲའི་ཆེན་པོ་ཡིན་ནམ་ཞེས་བསམས་ན། དེ་ནི་འགྲེལ་བརྗོད་ཤིན་ཏུ་དཀའ་བས་བསམ་གྱིས་མི་ཁྱབ། དེ་ཡང་ཞིབ་ཏུ་སེམས་ཚེ་སྨན་ཡིན་པ་འདྲ་ནའང་རང་རང་གི་ཐུན་མོང་མ་ཡིན་པའི་བྱེད་ལས་ཅན་ཡིན་པ་ལས་སྨན་ཐམས་ཅད་ནུས་མཐུ་འདྲ་མཉམ་གཏན་ནས་མིན། མགོ་སྨན་གྱིས་སོ་ནད་ལ་ཕན་པའི་ངེས་པ་མེད་ལ་སོ་སྨན་གྱིས་མགོ་ནད་ལ་ཕན་པའི་ངེས་པ་དེ་བས་མེད། འོན་ཀྱང་དཀར་པོ་ཆིག་ཐུབ་སོགས་ནད་བརྒྱ་སྨན་གཅིག་ཟེར་བའང་ཤེས་བྱ་འདིར་སྲིད་པ་ཡིན། ང་ཚོས་ས་རྡོ་བྱེ་མ་སོགས་ག་ཚོད་བཟས་ཀྱང་མི་ཕན་ལ་སྨན་རིལ་བུ་ཆུང་ངུ་འདི་གཅིག་པུས་ནད་ལ་ཕན་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་ན། དེ་ནི་སྨན་གྱི་ནུས་པ་ཞིག་ལ་ཐུག་ཡོད། དེ་ཡང་རྫས་ཀྱི་ནུས་པ་ཞིག་ལ་ཐུག་ཡོད། ད་དུང་དངོས་པོ་གཞན་ལ་ནུས་པ་དེ་མེད་ལ་སྨན་གྱི་རྫས་ཁོ་ནར་ནུས་པ་དེ་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། དེའི་ཚེ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ཏེ་བསམ་གྱིས་མི་ཁྱབ་པའི་གནད་དོན་འདི་འཕྲད་ཀྱིན་ཡོད། དེར་བརྟེན་ངས་མང་པོ་བཤད་མི་དགོས་པར་ང་ཚོས་རྟོག་གཞིག་མ་ཞུགས་པ་མ་གཏོགས་ཅུང་ཟད་བསམས་པས་ཀྱང་སྨན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་དཔེ་འདི་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་གནད་དོན་དུ་མ་ཞིག་གི་མདུད་པ་རང་གྲོལ་དུ་འགྱུར་ངེས་སུ་དགོངས་ཏེ། བོད་ཀྱི་མཁས་པ་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་ཞལ་སྔ་ནས། ནོར་བུ་དང་སྨན་གྱི་ནུས་པ་བཞིན་བསྙོན་དུ་མེད་དེ། ཞེས་རྒྱུ་གཉིས་རྐྱེན་བཞི་ཚོགས་པའི་དབང་གིས་རང་གནས་ཀྱི་ཡེ་ཤེས་འཆར་བར་བྱེད་པའི་དཔེ་རུ་གསུངས་ཡོད། ངེད་ཅག་ཐམས་ཅད་སྨན་བཟས་མ་མྱོང་མཁན་ཞིག་དང་མཐོང་མ་མྱོང་མཁན་ཞིག་རྩ་བ་ཉིད་ནས་མ་ཡིན་སྟབས་སྨན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པ་ཤེས་ཡོད་ངེས་རེད། དེ་དག་གི་ཞོར་ལ་སྔགས་དང་ནོར་བུ་དང་གཟའ་དང་སྐར་མ་དང་དུས་ཀྱི་འཁྱུད་སྤྱད་དང་རྟེན་འབྲེལ་གྱི་མཐུ་ཡང་བསམ་གྱིས་མི་ཁྱབ་པ་བཅས་ནི་རྟོགས་པར་འགྱུར་ཞིང༌། སྐབས་འདིར་དུས་ཚོད་དང་ཡིག་ཚོགས་ཀྱི་དབང་གིས་དངོས་སུ་གླེང་རྒྱུ་མིན། དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་མཐའ་མ་གཉིས་མདོར་མཚོན་ཙམ་རེ་བཤད་དེ་མཇུག་བསྡུ་བར་བྱའོ།།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ།

དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ནི་གྲངས་མེད་པ་ཞིག་ཡོད་པ་ལས་སྐབས་འདིར་བསམ་གཞིག་གི་ས་བོན་ཙམ་དུ་བཤད་རྒྱུ་ནི། བཟང་སྤྱོད་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་གསུངས་པ་ལྟར་རྡུལ་གཅིག་གི་སྟེང་དུ་གངྒའི་ཀླུང་གི་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པ་དང༌། གཞན་ཡང་མདོ་ལས། སྐྲ་ཡི་རྩེ་མོ་གཅིག་ལ་ཡང༌། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་པའི་དོན་དང༌། རྗེ་བཙུན་མི་ལ་གཡག་རའི་ནང་ཞུགས་ཏེ་མི་ལ་ཆུང་དུ་མ་སོང་གཡག་ར་ཆེ་རུ་མ་སོང་བའི་རྫུ་འཕྲུལ་བསྟན་པའི་ལོ་རྒྱུས་སོགས་ནི་མ་དག་ཚུ་རོལ་མཐོང་བའི་ཚད་མ་ཚད་ཡོད་ཅན་འདིས་བསམས་ན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་མོད། གནས་ཚུལ་ལ་དེ་ལྟར་མི་སྲིད་ཅེས་ཁ་ཚོན་གཅོད་པ་ནི་དཔྱོད་ལྡན་ལ་མཛེས་པ་མ་ཡིན་ཏེ། དཔེའི་སྒོ་ནས་བཤད་ན། དེ་ཡང་ངས་བོད་ཀྱི་གྲོང་གསེབ་ཤིན་ཏུ་ཁུག་ཀྱོག་གི་མི་ཞིག་ལ་རྒྱལ་བའི་བཀའ་འགྱུར་པོད་ཆེན་བརྒྱ་ཕྲག་པོ་སྦ་ཁུག་ནང་བླུགས་ནས་ཁྱེར་ཡོད་ཅེས་བརྗོད་ན་ཁོའི་བསམ་ཡུལ་དུ་ཤོང་བ་ཞིག་ཡིན་ནམ། ཆ་རྒྱུས་མེད་པའི་མི་ཞིག་ཡིན་ཚེ་ང་སྨྱོ་འདུག་ཅེས་ཟེར་ངེས་མོད། གནས་ཚུལ་ནི་གནས་ཚུལ་ཡིན་པས། གང་ཟག་གང་ཡང་རུང་བ་ཞིག་གི་བསམ་བློར་ཤོང་མ་ཤོང་ཙམ་གྱིས་ཡོད་མེད་དུ་ག་ལ་འགྱུར་ཏེ། དེང་དུས་མཐེའུ་ཆུང་གི་སེན་མོའི་ཚད་ཙམ་ལས་མེད་པའི་དྲན་པའི་བྱང་བུ་དང་མཐེ་བོང་གི་ཚད་དང་མཉམ་པའི་མཐེབ་སྡེར་སོགས་ཀྱི་ནང་རྒྱལ་བའི་བཀའ་འགྱུར་ཡོད་ཚད་བླུགས་ཏེ་སྟབས་བདེ་པོའི་ངང་ཁྱེར་ནས་འགྲོ་ཆོག་གི་ཡོད། མ་ཟད་དེ་ཡང་གློག་གི་ཀླད་པར་བཅུག་སྟེ་ལྟ་བའི་ཚེ་ན་དྲན་བྱང་དང་མཐེབ་སྡེར་ཆེ་རུ་མ་སོང་ལ་བཀའ་འགྱུར་གྱི་ཡི་གེ་ན་གཅིག་ཀྱང་ཆུང་དུ་མ་སོང་བར་མ་འདྲེས་ཤིན་ཏུ་གསལ་པོར་ཀློག་ཐུབ་ཀྱི་ཡོད། ད་དུང་ཡི་གེ་རྣམས་ལྡབ་གཉིས་གསུམ་གྱིས་ཆེ་རུ་བཏང་སྟེ་བཀླགས་ཀྱང་དྲན་བྱང་དང་མཐེབ་སྡེར་ནི་སྔར་བཞིན་གནས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས་ཞེས་པ་དེ་དང་སྐྲ་ཡི་རྩེ་མོ་གཅིག་ལ་ཡང་ཞེས་པ་དང་འདི་ཉིད་དཔེ་དོན་ཧ་ཅང་མཚུངས་པས། དུས་རབས་འདིའི་མི་ཞིག་ཡིན་ཚེ་གཡག་རའི་ནང་དུ་མི་ལ་ཆུང་དུ་མ་སོང་ལ་གཡག་ར་ཆེ་རུ་མ་སོང་ཞེས་པའི་བསམ་གྱིས་མི་ཁྱབ་པའི་གནས་དེར་ཁྲེལ་རྒོད་བྱེད་མི་འོས་པ་ཞིག་ཆགས་ཡོད། གཞན་ཡང་ད་ལྟ་ངའི་གཡས་གཡོན་རང་དུའང་མངོན་གསལ་ཐོག་དེ་དང་དེ་འདྲ་བའི་དཔེ་མཚོན་དུ་མ་ཞིག་མཆིས་ཀྱང་དཔེ་མཚོན་གཅིག་པུ་དེས་འཐུས་པར་བྱ། དེ་ལྟར་ན། དཔལ་ལྡན་ཟླ་བས་འཇུག་པ་ལས། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་པ་སོགས་ལའང་ཡིད་ཆེས་དང་མོས་གུས་བླ་ལྷག་ཏུ་འཕེལ་བར་འགྱུར་རོ།།

དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ།

དེ་ཡང་གསུང་གི་གསང་བ་གཅིག་པུར་མཚོན་ན་གསུང་དབྱངས་ཡན་ལག་དྲུག་ཅུ་སོགས་གྲངས་ལས་འདས་པ་ཞིག་ཡོད་མོད། སྐབས་འདིར་ཐམས་ཅད་གླེང་བའི་དུས་ཁོམ་མ་མཆིས་པས། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་རེ་རེ་ཙམ་དཔེ་དང་སྦྱར་ནས་བཤད་ན། དེ་ཡང་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་འཆད་སྐབས་འགྲོ་བའི་གནས་རིས་ཐ་དད་ཅིང་གདུལ་བྱ་སྣ་ཚོགས་མ་ངེས་པར་སྐུའི་བཀོད་པ་འབུམ་ཕྲག་མང་པོ་དུས་གཅིག་ལ་སྟོན་པ་དང་དེ་དག་ལ་དུས་གཅིག་ལ་ཆོས་གསུངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་གསང་བ་ཟབ་མོ་འདི་ནི། ངལ་བ་མ་བསྟེན་པར་ཆབ་གསང་དུའང་མི་སླེབས་པའི་ང་དང་ང་འདྲ་བ་དག་ལ་མཚོན་ན་བསམ་གྱིས་མི་ཁྱབ་མོད། གཤམ་གསལ་དཔེ་མཚོན་འདིར་གཟིགས་དང༌། དེ་ཡང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཚན་གཞིར་བཟུང་སྟེ་བཤད་ན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཕོ་བྲང་དཀར་པོའི་ལས་ཤག་གི་རྐུབ་སྟེགས་སུ་བཞུགས་པའི་སྲིད་འཛིན་ཨོ་བྷ་མ་དེས་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ཐད་ཀར་འཛམ་གླིང་མི་དམངས་ཡོངས་ལ་བཀའ་སློབ་སྩོལ་བཞིན་ཡོད། དེའི་ཚེ་ན་མི་ཚང་རེ་རེའི་ཁྱིམ་དུ་སྲིད་འཛིན་ཨོ་བྷ་མ་རེ་རེ་འཆར་གྱི་ཡོད་ལ་ཁོང་གི་བཀའ་སློབ་ཀྱང་ཉེ་རིང་མེད་པར་ཉན་བཞིན་ཡོད། ལེགས་པར་བསམས་ན་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་རྐུབ་སྟེགས་ལས་མ་གཡོས་བཞིན་དུ་སྐུའི་བཀོད་པ་དུང་ཕྱུར་མང་པོ་དུས་གཅིག་ལ་བསྟན་པ་ཞིག་ཅི་ལ་མིན། དེ་ནས་འཛམ་གླིང་མི་དམངས་ལ་བསྩལ་བའི་བཀའ་སློབ་དེ་མཇུག་གྲུབ་པ་དང་བརྙན་ལེན་འཕྲུལ་ཆས་སྒོ་བརྒྱབས་ཐེངས་གཅིག་གིས་ཨོ་བྷ་མའི་སྐུའི་བཀོད་པ་དུང་ཕྱུར་མང་པོ་དེ་སྐད་ཅིག་ལ་བསྡུས་པར་གྱུར་ཏོ། །མིག་མཐོང་ལག་ཟིན་གྱི་གནས་ཚུལ་འདི་ནི་སངས་རྒྱས་ཀྱི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔེ་མཚོན་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་བྱེད་མི་འོས་སམ།

དེང་དུས་རང་ཉིད་འཁོར་ཚོགས་ཁྲི་འབུམ་མང་པོའི་མགོར་བསྡད་དེ་གསུང་བཤད་ཅིག་གནང་བའི་དབང་དུ་བཏང་ན་སྔོན་གྱྀ་དུས་དང་མི་འདྲ་བར་རྒྱང་གྲགས་སྐད་སྒམ་སོགས་ལ་བརྟེན་ནས་རང་གིས་གང་བཤད་ཉེ་རིང་ཆེ་ཕྲ་མེད་པར་འཁོར་ཚོགས་ཐམས་ཅད་ཀྱིས་ལྷང་ལྷང་གོ་བར་བྱེད་ཐུབ་ཀྱི་ཡོད་ལ། དེ་ཡང་རང་གི་རྒྱུན་ལྡན་གྱི་སྐད་ལས་ཀྱང་ཆེ་བ་ཀུན་གྱིས་ཐུན་སྣང་དུ་འབྲུག་ལྟར་སྒྲོག་གམ། སྐྱེ་བོ་ཁྲི་མ་འབུམ་རང་རང་གཅིག་པུའི་རྣ་བར་ཐོས་པ་ཆུང་ཞིང་འཇམ་པ་མཚན་མོའི་དུག་སྦྲང་གི་སྐད་ལྟ་བུ་སོགས་རང་གི་གང་འདོད་འདོད་དུ་སྒྱུར་བར་བྱེད་ཐུབ་ཀྱི་ཡོད། མ་ཟད་སྒྲ་སྡུད་རླུང་འཕྲིན་སོགས་ཀྱི་བརྒྱུད་ལམ་ལ་བརྟེན་ནས་ཐ་མལ་པ་ང་ལྟ་བུས་ཀྱང་ང་རང་གི་སྒྲ་སྐད་འདི་དཀའ་ཚེགས་མེད་པར་འཛམ་གླིང་མི་དམངས་ཡོངས་ཀྱིས་ཐོས་པ་ཞིག་བཟོ་ཐུབ་ཀྱི་ཡོད། དེར་བརྟེན་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་གདུལ་བྱའི་རེ་བ་སྐོང་ཞེས་བཀའ་དང་བསྟན་བཅོས་དག་ལས་གསུངས་པ་ལྟར། འདིར་ཡང་འདི་ལྟར་ཏེ། དེ་བཞིན་གཤེགས་པའི་གསུང་གི་གསང་བ་ཟབ་མོ་ནི། བསམ་གྱིས་མི་ཁྱབ་སྟེ། དཔེར་ན། རྒྱང་གྲགས་སྐད་སྒམ་དང་རྒྱང་བསྲིངས་རླུང་འཕྲིན་བཞིན། ཞེས་སོ། །དེ་ལ་སོགས་པ་གཞན་ཡང་དཔེ་མཚོན་དུ་མ་ཞིག་སྣང༌། སྔོན་གྱི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་ལུང་བསྟན་ཏོ་ཞེས་ཐོས་དུས་རང་གི་བྱིས་པའི་དུས་ཙམ་ཡང་ལུང་བསྟན་མི་ནུས་པའི་ང་དང་ང་འདྲ་བ་དག་ལ་མཚོན་ན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་ཁག་མེད། ཡིན་ནའང་ལོ་གྲངས་སྟོང་ཕྲག་དང་ཁྲི་ཕྲག་མང་པོ་སོང་ཟིན་པའི་གནའ་བོའི་ཅ་དངོས་ངོས་འཛིན་བྱེད་པའི་འཕྲུལ་ཆས་དག་ནི་དེ་བས་ཀྱང་ཡ་མཚན་བསམ་ཡུལ་ལས་འདས་པ་ཞིག་ཡིན་མོད། དེ་ལ་ནི་རྟོག་དཔྱོད་ཙམ་ཡང་མི་འཇུག་པར་ཡིན་ཤག་ཤག་དང་བསམ་གྱིས་ཁྱབ་ཤག་ཤག་བྱེད་པའང་བློ་ཆུང་བདག་ལྟ་བུའི་རང་བཞིན་ཞིག་ལས་མ་འདས།

གཞན་ཡང་། དེ་བཞིན་གཤེགས་པའི་རྣམ་མཁྱེན་ཡེ་ཤེས་ནི། བསམ་གྱིས་མི་ཁྱབ་སྟེ། དཔེར་ན། དྲྭ་རྒྱ་དང་གློག་ཀླད་བཞིན། གསར་འགྱུར་བརྙན་འཕྲིན་དང་གནའ་རྫས་ཞིབ་དཔྱོད་ཀྱི་འཁྲུལ་ཆས་བཞིན། ཞེས་དེང་དུས་ཀྱི་དཔེའོ། །དེ་ཡང་དབུ་མ་འཇུག་པ་ལས། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང༌། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་བགྲང་འདས་དང༌། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང༌། །སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །ཞེས་པའི་ཚིགས་བཅད་འདིའི་མཇུག་ཏུ། དཔེར་ན་དེང་དུས་བརྙན་འཕྲིན་ལྟ་བ་བཞིན། །ཞེས་སམ་ཡང་ན། དཔེར་ན་དེང་དུས་གློག་བརྙན་ལྟ་བ་བཞིན།  །ཞེས་མཐུན་དཔེར་སྦྱར་ན་དཔེ་དོན་ཤིན་ཏུ་མཚུངས། གཞན་ཡང་དེ་ཉིད་ལས། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །ཞེས་པ་ནས། དེ་ནི་མ་ལུས་སྐུ་གཅིག་ལ་སྟོན་མཛད། །ཅེས་པའི་མཇུག་ཏུའང་འདི་ལྟར། དཔེར་ན་དེང་གི་འཕྲུལ་ཆས་གློག་ཀླད་བཞིན། །ཞེས་སྦྱར་ན་ཤིན་ཏུ་ལེགས་སོ། །

མདོར་ན། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རེ་རེ་བཞིན་དེང་དུས་ང་ཚོར་ཐུན་སྣང་དུ་གྲགས་ཤིང་གྲུབ་པའི་དཔེ་ཡི་སྒོ་ནས་མཚོན་ཐུབ་པ་ཞིག་ཆགས་ཡོད་པས་འཆད་ཉན་འགྲེལ་བརྗོད་སོགས་ཀྱི་ཚེ་ནའང་དེ་ལྟར་དཔེ་དོན་སྦྱར་ནས་བཤད་ན། མདོ་སྡེ་དཀོན་ཅོག་བརྩེགས་པ་ལས། དེ་བཞིན་པ་རྣམས་ཀྱི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་ཅེས་གསུངས་པའི་དོན་ལ་སྒྲོ་སྐུར་གྱི་ལོག་རྟོག་ཞིག་སྟེ་ཡིད་ཆེས་དང་མོས་གུས་ངང་ཤུགས་ཀྱིས་སྐྱེ་བར་འགྱུར་རོ།། ཡང་སྙིང་གང་ཟག་གང་ཡང་རུང་བ་ཞིག་གི་བློ་ངོར་མ་ཤོང་བ་ཙམ་གྱིས་ཡུལ་གྱི་གནས་ཚུལ་ཐག་གཅོད་བྱེད་པ་ནི་སུ་ཡིན་ཡང་རུང་ཧམ་པ་ཆེ་དྲགས་པ་ཞིག་མ་ཡིན་ནམ།

བསྟན་དང་སྟོན་པ་གཅིག་པའི་མཆེད་གྲོགས་རྣམས་ལ་ཐུགས་ཕན་རེ་སོས་ན་སྙམ་པའི་རེ་བ་དང་ཡིད་ཆེས་བཅས། འབྲོང་ངུར་ཆོས་རྗེ་རུ་འབོད་པས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། སྤྱི་ལོ་ ༢༠༡༡ ཟླ་བ་ ༡༠ ཚེས་ ༡༦ ཉིན་མཇུག་རྫོགས་པར་བྲིས་པ་འདི་ཡང་རྒྱལ་བའི་བསྟན་པ་ཡུན་གནས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།

772 total views, 4 views today