འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ལ་བསྔགས་པ།

༄༅།   །བསྟན་པའི་དཔལ་གྱུར་གུ་ཤྲཱི་འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ས་སྤྱོད་འོག་མིན་གཉིས་པར་བསྔགས་པ་རྩ་གསུམ་དགྱེས་པའི་མཆོད་སྤྲིན་དྲི་ཟའི་ངག་ལྟར་དྲངས་པའི་འགྱུར་ཁུག་འབུམ་ཕྲག་སྤྲོ་བའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

ཚོགས་ཟུང་རྒྱ་མཚོའི་དཔལ་གྱིས་ཉེར་བར་དྲངས།།

མ་སྨད་གཟུགས་སྐུ་འགྲོ་བའི་ཡིད་མཁར་མཛེས།།

བསླུ་མེད་ཚད་མར་གྲགས་པའི་དཔལ་འཆང་བ།།

ཐུབ་དབང་སྙིགས་འགྲོའི་གདུང་སེལ་གཙུག་ཏུ་མཆོད།།

 

རྒྱལ་བའི་ལུང་ལྟར་པདྨའི་སྦུབས་སུ་བལྟམས།།

རྒྱལ་བ་ཉིད་ལྟར་རྒྱལ་བསྟན་གསལ་མཛད་གཅིག།

རྒྱལ་བའི་རྒྱལ་ཚབ་གངས་རིའི་དཔལ་དུ་ཤར།།

རྒྱལ་དབང་པད་མ་ཀཱ་རས་རྣམ་ཀུན་སྐྱོངས།།

 

འཕགས་ཡུལ་མཁས་གྲུབ་རྒྱ་མཚོའི་གདམས་ཟབ་བཅུད།།

གཅིག་ཏུ་འཁྱིལ་བ་མར་མིའི་དགོངས་པའི་གཏེར།།

ཡོངས་སུ་ཆུབ་པ་སྒམ་པོའི་རྒྱལ་ཚབ་སྟེ།།

གྲུབ་མཆོག་དུས་གསུམ་མཁྱེན་པར་དང་བས་འདུད།།

 

རིགས་གསུམ་སེམས་དཔའི་ངོ་བོར་བྱང་ཆུབ་ཀྱང༌།།

སྙིང་རྗེ་ཆེན་པོས་སྲིད་པའི་གྲོང་རྒྱུ་བ།།

སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འབྲོང་ངུར་པ།།

ཆོས་ཀྱི་རྗེ་བོ་གྲགས་དེར་གཏན་དུ་འདུད།།

 

ཤིས་ཚིག་མེ་ཏོག་སིལ་མས་མདུན་བསུས་ཏེ།།

ཆོས་ཀྱི་རྒྱལ་པོ་དཔལ་ལྡན་འབྲོང་ངུར་རྗེའི།།

གསང་གསུམ་གནས་མཆོག་ས་སྤྱོད་འོག་མིན་ཞིང༌།།

ངོ་མཚར་མཐོང་གྲོལ་བསྟོད་ཚིག་ཆར་དུ་སྙིལ།།

 

དེ་ཡང་ཁྱབ་བདག་སྟག་ཕུ་ཆེན་པོ་སོགས།།

ཚད་མའི་སྐྱེས་མཆོག་དུ་མས་བསྔགས་པ་ལྟར།།

དེ་འཛིན་བྱེད་པོ་རིག་འཛིན་འབྲོང་ངུར་པ།།

ཡེ་ནས་ཀ་དག་རྫོགས་ཆེན་དཔལ་ཐོབ་ཀྱང༌།།

 

སྙིང་རྗེའི་གཞན་དབང་གྱུར་པའི་ཉེར་ལེན་གྱིས།།

སྒྱུ་མའི་ཚུལ་ལྟར་སྤྲུལ་སྒྱུར་སྣ་ཚོགས་གར།།

རིམ་དང་ཅིག་ཆར་ས་ཆེན་རྡུལ་ལྟ་བུའི།།

རྣམ་ཐར་ཟབ་རྒྱས་འཕགས་ཆེན་ཁོ་ནའི་ཡུལ།།

 

དེ་ཕྱིར་མཐའ་དག་བརྗོད་པའི་བློ་དབེན་ཡང༌།།

ཚུར་མཐོང་མཐུན་ངོར་ཡོངས་གྲགས་ཚད་མའི་གཏམ།།

སྐལ་ལྡན་ཐར་འདོད་ས་བོན་ཐོབ་པའི་ཕྱིར།།

རགས་ཟིན་བརྗོད་ལ་ཉེས་ཆའི་དྲི་དང་བྲལ།།

 

སྤང་ལེབ་འཛིན་དང་བྲམ་ཟེ་ཧ་ལུ་པ།།

ཡེ་ཤེས་སྙིང་པོ་ལ་སོགས་བྱོན་ཟིན་དང༌།།

མ་འོངས་རྣམ་འདྲེན་ཞེ་བདུན་སེངྒེ་བཅས།།

གང་འདུལ་འགྲོ་བའི་དེད་དཔོན་ཉག་གཅིག་གོ།

 

དུས་མཁྱེན་དབུ་སེའི་བརྒྱུད་འཛིན་བུ་བཞིའི་མཆོག།

འོག་མིན་མཚུར་ཕུའི་ཁྲི་རབས་བཞི་པ་སྟེ།།

མར་མིའི་སྙིང་བཅུད་འདབ་སྟོང་རྒྱས་པའི་གཉེན།།

འགྲོ་མགོན་གངས་དཀར་རིན་ཆེན་འོད་ཟེར་ནས།།

 

སྒྱུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཚོ་བཞིན་བར།།

འབྲོང་རབས་ཙིཏ྄ཏ་མ་ཎི་བཅུ་དྲུག་བྱོན།།

དེ་དག་ཁྱད་འཕགས་རྨད་བྱུང་ཡོན་ཏན་ཚུལ།།

ངོ་མཚར་རྣམ་ཐར་གཟིགས་མོར་ཕྱོགས་དང་གསལ།།

 

རིག་འཛིན་པདྨས་བཀའ་ཡིས་དབུགས་དབྱུང་ལྟར།།

ས་སྟག་རབ་བྱུང་བཞི་པར་འབྲོང་ངུར་རྗེས།།

མྱང་སྨད་འབྲོང་ངུར་ཆོས་སྡེ་བཏབ་པ་དང།།

བཤད་སྒྲུབ་ལས་གསུམ་བསྟན་འགྲོའི་དཔལ་དུ་བསྒྲུབས།།

 

ངོ་མཚར་གནས་ཀྱི་བཀོད་པ་གཏན་ལ་ཕབ།།

སྲ་བའི་རི་བྲག་ཕྱག་ཞབས་རི་མོ་དང༌།།

སོར་མཛུབ་རི་མོ་བྲིས་སོགས་གཏམ་སྙན་གྱིས།།

མདའ་ལྔའི་བདག་པོ་རེ་ཞིག་སྐྱེངས་པ་སྟེར།།

 

ཆོས་ཀུན་རྟེན་འབྱུང་རྟོགས་པའི་དཔང་རྟགས་སུ།།

སྐུ་བེར་ཉི་མའི་ཟེར་ལ་བཀལ་བར་མཛད།།

སྐབས་འགར་རི་བྲག་ཐོགས་མེད་ཟང་ཐལ་གཤེགས།།

དེ་སོགས་རྣམ་ཐར་མང་ཡང་སྤྲོས་པ་བསྐྱུང༌།།

 

རྩ་གསུམ་ཀུན་གྱི་ངོ་བོ་འབྲོང་ངུར་རྗེ།།

རིག་འཛིན་པདྨའི་སྒྱུ་འཕྲུལ་འབྲོང་ངུར་རྗེ།།

བྱང་ཕྱོགས་བསྟན་པའི་ཉི་མ་འབྲོང་ངུར་རྗེ།།

ངོ་མཚར་མཚར་བའི་ཡོན་ཏན་ཞིང་འདིར་སྙན།།

 

སྐལ་བཟང་བཟང་པོའི་སྐྱེས་མཆོག་ཨུ་དུམ་ཟླ།།

ཟླ་བྲལ་བྲལ་མེད་འགྲོགས་པའི་ཚེ་རབས་དཔལ།།

དཔལ་ཆེན་ཆེན་པོའི་ངོ་བོར་འཚང་རྒྱ་ཞིང༌།།

ཞིང་མཆོག་མཆོག་གསུམ་ཐོབ་ཀྱང་འབྲལ་མེད་ཤོག།

འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ལ་བསྔགས་པ་ལས་དེ་འཛིན་བྱེད་པོའི་ཚུལ་མདོར་ཙམ་བརྗོད་པའི་སྐབས་ཏེ་སརྒ་དང་པོའོ།། །།

 

ལེགས་ལེགས་གསང་གསུམ་གནས་མཆོག་བཀོད་པ་ལེགས།།

མང་མང་དད་ལྡན་སྐྱེ་བོ་ཕྱག་བསྐོར་མང༌།།

མཛེས་མཛེས་རང་བྱུང་ཁོར་ཡུག་འབྲོག་དགོན་མཛེས།།

སྙན་སྙན་སྡེབ་ལེགས་རོལ་མོའི་འགྱུར་ཁུག་སྙན།།

 

ཨེ་མ་ཧོ།

 

འཛམ་བུའི་སྒྲ་ལས་དྲངས་པའི་ལྷོ་ཡི་གླིང༌། །

ཕུན་ཚོགས་འདོད་དགུ་ཀུན་ཚང་གངས་རིའི་ལྗོངས།།

རྒྱལ་དབང་པདྨའི་སྦས་གནས་ནགས་ཀྱི་ཤོད།།

རྣམ་མཁྱེན་རྒྱལ་བའི་ཞིང་ས་ས་སྤྱོད་ཞིང༌།།

 

ཨོ་རྒྱན་མཁའ་འགྲོའི་ཞིང་དང་དབྱེར་མེད་པའི།།

སུམ་བརྒྱ་ཉེར་བཞི་བརྩེགས་པའི་གནས་ཀྱི་ཁོངས།།

གནས་མཆོག་སུམ་ཅུ་བརྩེགས་པའི་གཞལ་ཡས་སུ།།

འབྲོང་ངུར་ཆོས་རྗེའི་གསང་གསུམ་སྒྲུབ་གནས་ཏེ།།

 

སྐུ་ཡི་གནས་མཆོག་ཝ་ཐང་འབྲོང་ངུར་དགོན།།

གསུང་གི་གནས་མཆོག་མེ་མོ་ལྷ་བྲག་དཀར།།

ཐུགས་ཀྱི་གནས་མཆོག་སེ་བཀྲ་རི་བོ་གསུམ།།

ངོ་མཚར་བཀོད་པ་རྡོ་རྗེའི་ལུང་གིས་བསྔགས།།

 

སྔོན་ཚེ་རིག་འཛིན་པད་འབྱུང་བྱིན་གྱིས་བརླབས།།

བར་དུ་སེང་ཆེན་རྒྱལ་བློན་བརྡ་རྟགས་བསྩལ།།

ཐ་མར་འབྲོང་ངུར་གཟིགས་སྣང་གཏན་ལ་ཕབ།།

རྩ་གསུམ་རྒྱ་མཚོའི་ལྟེ་གནས་བླ་ན་མཐོ།།

 

ཕྱི་ཡི་མཛེས་ལྗོངས་སྐྱེ་རྒུའི་ཡིད་དབང་འཕྲོག།

ནང་དུ་ཞི་ཁྲོ་རབ་འབྱམས་སྤྲུལ་པའི་གནས།།

གསང་བ་ཨོ་རྒྱན་ཡུལ་གྱི་མཚན་ཉིད་ཅན།།

ས་སྤྱོད་འོག་མིན་གཉིས་པ་ཨ་ཧོ་རྨད།།

 

དེ་ཡང་ཀུན་མཁྱེན་ཐུབ་པའི་དབང་པོ་ཡིས།།

མ་འོངས་ང་དང་མ་འཕྲད་སྐྱེ་བོ་རྣམས།།

ང་ཡི་གནས་ལ་ཕྱག་བསྐོར་བགྱི་བ་ན།།

རྣམ་དཀར་ཕུང་པོ་མཉམ་ཚུལ་གསུངས་པ་ལྟར།།

 

གང་ལ་ཕྱག་བསྐོར་བྱས་པའི་ཕན་ཡོན་ནི།།

ཡིག་དྲུག་དུང་ཕྱུར་ཕྲག་བཅུ་མཉམ་མོ་ཞེས།།

འབྲོང་ངུར་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པས།།

འཇིགས་མེད་གད་རྒྱངས་གངས་རིའི་རྩེ་རུ་བསྒྲགས།།

 

དོན་གཉེར་ར་ཡིག་གཉིས་པ་སྐལ་ལྡན་ཁྱུས།།

སྟོང་ཉིད་ལུང་བསྟན་འདབ་ལྡན་ཟེའུ་འབྲུ་རུ།།

ལེགས་པར་སྤྱོད་དང་ངེས་ཤེས་སྦྲང་རྩིའི་རོ།།

ལྕེ་དབང་དཔལ་དུ་ཐོབ་པ་བརྗོད་ཅི་དགོས།།

 

མ་བྲིས་རྟགས་བརྒྱད་རི་མོ་མངོན་པར་བཀྲ།།

རང་བྱུང་དཔལ་ཆེན་གཞོན་ནུའི་དཀྱིལ་འཁོར་རྫོགས།།

སྒྱུ་རྩལ་འབུམ་ལས་བསྐྲུན་པའི་རྟེན་གསུམ་གྱིས།།

ངོ་མཚར་དགའ་སྟོན་སྒོ་ལྔའི་དཔལ་དུ་བསྩལ།།

 

ཐུབ་དབང་ཆོས་ཀྱི་རྒྱལ་པོ་ཤཱཀ་ཐུབ་དེའི།།

རིང་ལུགས་མ་ནོར་འཛིན་སྐྱོང་ཆོས་ཀྱི་གླིང༌།།

ངེས་གསང་སྙིང་པོའི་རྒྱལ་མཚན་འབྲོང་ངུར་རྗེའི།།

སྐུ་ཡི་གནས་མཆོག་དད་པའི་འདབ་བརྒྱ་གྲོལ།།

 

རིན་ཆེན་སྣ་ཚོགས་གཏེར་གྱི་བཅུད་འཛིན་ཅིང༌།།

རྟ་མཆོག་འབར་བའི་སྒྲུབ་གནས་ཤེལ་དཀར་རྫོང༌།།

རྩ་གསུམ་གར་ལ་རོལ་བའི་བརྡ་རྟགས་གསལ།།

མི་འཇིགས་སྤོབས་པའི་གད་རྒྱངས་འདི་ནས་བསྒྲགས།།

 

ཐུབ་བསྟན་བསྟན་པའི་རྒྱལ་མཚན་རྩ་བ་གཟུག།

ཁ་འབབ་དལ་འགྲོ་རྣམ་བཞིའི་བརྒྱུད་བཟང་འཁྱིལ།།

རྩལ་གསུམ་ཁོང་ནས་རྫོགས་པ་ག་རུ་ཌའི།།

སྙིང་གི་ཐིག་ལེའི་སྒྲུབ་གནས་རྣམ་པར་རྒྱལ།།

 

རབ་དཀར་ལྷ་བྲག་ལྷུན་པོའི་རྗེས་སུ་འགྲོ།།

རབ་མཛེས་བློ་ལས་འགོངས་པའི་བཀོད་པ་ཚང༌།།

རབ་མང་གདུལ་བྱའི་ཡིད་མཁར་གཡུང་དྲུང་རིས།།

རབ་བརྟན་ཉེར་བཞིའི་རཱ་ཛཱ་སྲིད་འདིར་སྙན།།

 

རྒྱ་ཆད་ཕྱོགས་ལྷུང་བྲལ་བ་སྟོང་ཉིད་གཤིས།།

སྐད་ཅིག་མངོན་དུ་བྱེད་པ་མཁའ་འགྲོའི་གནས།།

ཆོས་བཟང་ལྷ་ཡི་གནྡྷོར་འགྲན་ཟླའི་དཔྱིད།།

འབྲོང་རྒོད་གར་གྱིས་ཉམས་དགུ་གླིང་འདིར་ངོམས།།

 

ཡང་གསང་གསང་སྔགས་ནང་བརྒྱུད་སྒྲུབ་པའི་སྡེ།།

རྣམ་འདྲེན་འདྲེན་མཆོག་ཞལ་གསུང་ས་ལེ་སྦྲམ།།

མ་ནོར་ནོར་བདག་འཕྲོད་མཇལ་རྟེན་འབྱུང་གིས།།

དགེ་མཚན་མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས།།

འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ལ་བསྔགས་པ་ལས་གནས་ཡུལ་ངོས་བཟུང་བའི་སྐབས་ཏེ་སརྒ་གཉིས་པའོ།། །།

 

འབུམ་ཕྲག་རྐང་འཐུང་ལྡེམ་ལྡེམ་སྐྱེད་ཚལ་གཞི།།

སུམ་རྩེན་བཀོད་པ་ཚང་བ་ནགས་ཀྱི་ཤོད།།

ཕུན་ཚོགས་དགེ་ལེགས་ཡོངས་རྫོགས་ཤག་གི་ལྗོངས།།

ས་སྤྱོད་འོག་མིན་གཉིས་པ་ཨེ་མ་རྨད།།

 

རྒྱལ་བ་རྒྱ་མཚོ་གང་འདུལ་རོལ་བའི་གར།།

ལྟ་བས་ངོམས་མེད་རང་བྱུང་མཛེས་སྡུག་ལྡན།།

གང་ལ་དགའ་བ་བརྒྱ་ཕྲག་དཔལ་སྩོལ་བས།།

སྦྱིན་པའི་ངོ་བོ་རྫོགས་པའི་གནས་མཆོག་བསྔགས།།

 

ལེགས་གཏམས་ཚོགས་ཟུང་རྒྱ་མཚོར་གཞི་བཅས་ཤིང༌།།

མ་དག་རྡུལ་གྱིས་མ་གོས་ལྷ་མིའི་རྟེན།།

གཟི་བྱིན་དྲི་བཟང་འཐུལ་བས་སྲིད་གསུམ་ཁེངས།།

ཚུལ་བཞིན་ཁྲིམས་ལ་མངའ་བརྙེས་གནས་ཡུལ་བསྔགས།།

 

གཞན་ཕན་འོད་དཀར་གདུལ་བྱའི་ཚལ་སྤྲོས་མོད།།

སྙིགས་ལྔའི་རང་མདངས་སྒྲ་གཅན་ལྟོ་བ་རུ།།

བསྙལ་འདོད་དུག་གི་རླངས་པར་མི་སྐྲག་སྟེ།།

བཟོད་པའི་རྒྱལ་ཐབས་དབང་བསྒྱུར་གནས་ཡུལ་བསྔགས།།

 

ནག་ཕྱོགས་བདུད་དགྲའི་གཤེད་མར་མེ་ལྟར་འབར།།

དཀར་ཕྱོགས་བསྟན་པའི་དར་ཆེན་འཛུགས་ལ་བྲེལ།།

ཞུམ་མེད་སྙིང་སྟོབས་དལ་འགྲོའི་རྗེས་སུ་བསྙེགས།།

རྟག་སྦྱོར་རྒྱལ་ཁ་ཐོབ་པའི་གནས་ཡུལ་བསྔགས།།

 

རྟག་ཏུ་ཅ་ཅོའི་འུར་ཟིང་གོ་སྐབས་འཕྲོག།

ཀུན་རྟོག་ངན་པའི་ཆུ་འཛིན་མི་ལྡང་ཞིང༌།།

གཡོ་མེད་ཆུ་བོ་གཏེར་ལ་འགྲན་བཟོད་པ།།

རྩེ་གཅིག་ངོ་བོར་གྱུར་པའི་གནས་ཡུལ་བསྔགས།།

 

མ་རིག་འཁྲུལ་ངོར་རི་བྲག་ཨ་འཐས་འབྱམས།།

དག་གཟིགས་ཚད་མར་ལྷ་སྔགས་རོལ་པའི་མདངས།།

སྣོད་བཅུད་མ་བཅོས་ཡེ་ནས་དག་མཉམ་རྫོགས།།

ཤེས་རབ་ཕར་ཕྱིན་རང་བཞིན་གནས་ཡུལ་བསྔགས།།

 

ཅི་བསམ་བསམ་པ་ལྟར་དུ་རེ་འདོད་གང༌།།

གང་འདོད་འདོད་རྒུར་འཇོ་བའི་དགའ་བདེའི་དཔལ།།

དཔལ་བཟང་བཟང་པོའི་མུ་ཁྱུད་སུརྱའི་འོད།།

འོད་གསལ་གསལ་བའི་བདེ་ཆེན་མྱུར་ཐོབ་ཤོག།

འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ཕར་ཕྱིན་དྲུག་གི་རང་བཞིན་བསྔགས་པའི་སྐབས་ཏེ་སརྒ་གསུམ་པའོ།། །།

 

འདིར་སྣང་སྒྱུ་མའི་ཞིང་ལ་མ་ཡེངས་པར།།

འབྱུང་ལུས་ཟག་ཟད་བསྒྱུར་བའི་ཁ་ཕོ་ཅན།།

མཁའ་སྤྱོད་གནས་ཡུལ་དག་པར་འབྲེལ་བཟང་གིས།།

མི་ལྡོག་ཆོས་སྐུའི་ཀློང་དུ་འཕོ་བར་གྱིས།།

 

གཅོང་རོང་གནས་སུ་འཕྱན་པའི་སྲིད་གསུམ་འགྲོ།།

རྣམ་དག་སྐུ་བཞིའི་རྒྱལ་ས་འཛིན་འདོད་ན།།

གནས་ཡུལ་འཁོར་ལོ་རིན་ཆེན་ལ་བཞོན་ཏེ།།

ཁ་སྦྱོར་བདུན་ལྡན་གྲོང་དུ་གཤེགས་འཚལ་ལོ།།

 

གང་ཞིག་འཛད་མེད་གཏེར་གྱི་སྒྲོམ་བུ་ལ།།

ཅི་དགར་ལོངས་སུ་སྤྱོད་པའི་བློ་ཡོད་ཚེ།།

གནས་ཡུལ་ནོར་བུ་རིན་ཆེན་བྱི་དོར་གྱིས།།

ཕ་ནོར་སྟོབས་བཅུའི་བདག་པོ་ཐོབ་པར་འགྱུར།།

 

སྲིད་གྲོང་ཡུན་རིང་འཁྱམས་པའི་ངལ་དུབ་ཀྱིས།།

ངེས་ལེགས་ཁང་བཟང་ཉམས་དགའ་བཙལ་འདོད་ན།།

གནས་ཡུལ་བཙུན་མོ་རིན་ཆེན་སྐྱོ་གྲོགས་བསྟེན།།

དགའ་བཞིའི་ཉམས་སྟོང་བརྒྱ་ཕྲག་མྱོང་བར་ངེས།།

 

རྣམ་གྲོལ་ལམ་བཟང་འགྲིམ་གཉེར་སྐལ་ལྡན་དག།

བར་གཅོད་བདུད་བཞིའི་དཔུང་ལས་རྒྱལ་འདོད་ན།།

གནས་ཡུལ་བློན་པོ་རིན་ཆེན་རོགས་སུ་སྦྲན།།

མཉམ་ཉིད་རྡོ་རྗེའི་བཙན་རྫོང་ཟིན་པར་འགྱུར།།

 

ཕར་ཕྱིན་དྲུག་གི་ཕུང་པོ་ཁུར་ལྕི་བས།།

སྙིགས་ལྔའི་འགྲོ་བས་ཇི་བཞིན་ཐེག་དཀའ་ཡང༌།།

གནས་ཡུལ་གླང་པོ་རིན་ཆེན་བསྐྱང་བྱས་ཏེ།།

བདེ་ནས་བདེ་བར་གཤེགས་པའི་ཕུགས་འདུན་ཚོལ།།

 

གཉིས་འཛིན་རྦ་ཀློང་འཁྲུགས་པའི་ར་བ་ནས།།

བསླུ་མེད་རྟེན་འབྱུང་གར་ལ་གཟིགས་འདོད་པས།།

གནས་ཡུལ་རྟ་མཆོག་རིན་ཆེན་ལ་ཆིབས་ནས།།

འོད་མཚན་སྟོང་འབར་ཞིང་ཁམས་ཡུད་ཀྱིས་བརྟོལ།།

 

སྡུག་བསྔལ་རྣམ་གསུམ་དམག་དཔུང་རབ་དཀྲིགས་ཏེ།།

རིག་པའི་ཁྱེའུ་བཟོད་མེད་གཙེས་པ་གང༌།།

གནས་ཡུལ་དམག་དཔོན་རིན་ཆེན་གྲོགས་སུ་བཅོལ།།

ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་འབར།།

 

ས་སྤྱོད་འོག་མིན་མཁའ་སྤྱོད་ཡིན་གྱི་མ་དག་སྲིད་པའི་གྲོང་ཁྱེར་མིན།།

འབྲེལ་ཚད་འཁོར་བ་མཐའ་ཅན་ཡིན་གྱི་མིག་འཕྲུལ་སྒྱུ་མའི་ལྟད་མོ་མིན།།

འབྲོང་ངུར་རྒྱལ་བའི་དཀྱིལ་འཁོར་ཡིན་གྱི་འཁོར་ངན་སྡིག་པའི་ཕ་ཁྱིམ་མིན།།

དག་གཟིགས་ཚད་མའི་བརྡ་རྟགས་ཡིན་གྱི་རྟོག་གེ་ལྕེ་བརྒྱའི་སྤྱོད་ཡུལ་མིན།།

འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་རྒྱལ་སྲིད་བདུན་གྱི་ངོ་བོར་བསྔགས་པའི་སྐབས་ཏེ་སརྒ་བཞི་པའོ།། །།

 

རྒྱ་ཆེན་མདོ་དང་ཟབ་གསང་ཐེག་པའི་སྲོག།

རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་སྡེ།།

བག་ཡངས་ཀུན་ཏུ་རྒྱུ་བའི་མཁའ་སྤྱོད་ཞིང༌།།

ལས་སྨོན་རྒྱ་མཚོས་མདོ་ཁམས་ལྗོངས་སུ་བསྐྲུན།།

 

 

སྲིད་ཞིའི་ཚ་གདུང་བཅོམ་པའི་ཟ་འོག་རིས།།

མ་འདྲིས་འགྲོ་བའི་གཙུག་ཏུ་ལྷབ་ལྷུབ་འཁྱིལ།།

རེག་ན་བདེ་བའི་དཔལ་གྱི་གྲིབ་བསིལ་ཅན།།

གནས་མཆོག་གདུགས་དཀར་ལྷ་ཡི་མཛའ་ན་མོ།།

 

འདྲེན་བྱེད་ཡུལ་དུ་གྱུར་ཙམ་སྒྲིབ་གཉིས་བསྲེགས།།

རྣ་བའི་བཅུད་དུ་ལྷུང་ཚེ་ཡིད་དབང་འཕྲོག།

ཐབས་མཆོག་ཤེས་རབ་མཚོ་དང་མི་འབྲལ་བའི།།

གནས་མཆོག་གསེར་ཉ་ཞིང་འདི་ཁོ་ནའི་རྒྱན།།

 

ཡན་ལག་དྲུག་བཅུའི་གསུང་གི་ལྟོ་བ་ཟླུམ།།

སྐྱོན་བྲལ་བསླབ་གསུམ་བདུད་རྩིས་ཡོངས་སུ་གཏམས།།

བཞི་བརྒྱ་རྩ་བཞིའི་ནད་རིགས་སེལ་བའི་དཔལ།།

གནས་ཡུལ་བུམ་བཟང་འགྲོ་བློའི་རེ་སྐོང་གཏེར།།

 

ཕ་གཅིག་བླ་མའི་གསུང་གིས་འདབ་བརྒྱ་གྲོལ།།

རྩ་གསུམ་དམ་ཅན་དགྱེས་ཞལ་ཟེའུ་འབྲུ་དགོད།།

སྐལ་ལྡན་བུང་བ་དགའ་བའི་སྟོན་མོར་འབྱེད།།

གནས་ཡུལ་པདྨ་གཞོན་ནུར་དད་ཕྱག་བརྩེགས།།

 

ལྷ་ཆོས་དགེ་བ་བཅུ་ཡི་དབུ་འཕང་བཏེག།

རབ་སྟུག་རྨོངས་གཉིད་ཧར་དཀྲོགས་འཁུན་སྒྲ་སྒྲོག།

ཡང་དག་ཐེག་རྩེར་འཛེག་ལ་དྲན་བསྐུལ་བྱེད།།

གནས་ཡུལ་ཆོས་ཀྱི་དུང་དཀར་བསྟེན་པར་རིགས།།

 

མ་བརྒྱུད་མཁའ་འགྲོའི་གར་གྱི་རི་མོ་བཀྲ།།

ཕ་བརྒྱུད་དཔའ་བོ་ང་རོའི་རྔམ་ཟིལ་ཆེ།།

དམ་ཚིག་གསེར་གྱི་རྒྱ་མདུད་འཁྲོལ་མེད་དམ།།

གནས་མཆོག་དཔལ་བེའུ་གླིང་འདིར་དགེ་མཚན་འཛུགས།།

 

དཀར་ཕྱོགས་དབུ་འཕང་དགུང་བསྟོད་དར་ཤམ་ལ།།

ཕྱིན་དྲུག་ཡོངས་སུ་རྫོགས་པའི་ཏོག་མཛེས་ཤིང༌།།

སྐྱེས་བུ་གསུམ་གྱི་ལམ་རིམ་ཡུ་བ་དྲང༌།།

ཀུན་ལས་རྒྱལ་བའི་མཚན་རྟགས་གནས་ཡུལ་བསྔགས།།

 

རིས་མེད་འགྲོ་ལ་བྱམས་བརྩེའི་མུ་ཁྱུད་ཟླུམ།།

འབུམ་ཕྲག་དགེ་མཚན་འཁྱུད་པའི་རྩིབས་སྟོང་བཀྲ།།

ཡང་དར་རྫོགས་ལྡན་གསར་པའི་ཁ་ལོ་འདྲེན།།

གནས་ཡུལ་འཁོར་ལོ་ལེགས་ཚོགས་སྤེལ་བའི་གཉེན།།

 

རབ་དཀར་གངས་ཀྱི་ཕུང་པོར་འགྲན་བཟོད་ལེགས་བྱས་བསོད་ནམས་རྒྱ་མཚོའི་རྒྱུན།།

རྒྱུད་ཆད་མེད་པར་གཅིག་ཏུ་བསྡོམས་ཏེ་རྣམ་གྲོལ་ཞིང་སར་ལྷུན་བབ་དགེ།།

དགེ་ལེགས་སྐུ་བཞིའི་འབྲས་བཟང་བསྐྱེད་དེ་ཐར་འདོད་ངང་གིས་འཇུག་པའི་དཔལ།།

དཔལ་ལྡན་བླ་མ་རབ་ཏུ་དགྱེས་ཏེ་ལེགས་སྐྱེས་སྡེ་བཞིའི་ཆར་ཆེན་སྩོལ།།

འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་བཀྲ་ཤིས་རྟགས་བརྒྱད་ཀྱི་ངོ་བོར་བསྔགས་པའི་སྐབས་ཏེ་སརྒ་ལྔ་པའོ།། །།

 

དེ་ལྟར་རྩ་གསུམ་ལྷ་ཡི་ཕོ་བྲང་ཆེ།།

ཡེ་དག་གདོད་མའི་མགོན་པོའི་དཀྱིལ་འཁོར་གར།།

འདྲེན་བྱེད་བུ་གར་ངོ་མཚར་སྟོང་གིས་ཕྱུག།

གནས་ཡུལ་ཉེར་བཞི་རྒྱུ་བའི་མཁའ་འགྲོས་སྐྱོངས།།

 

ཆེར་སྙིགས་རྒུད་ཚོགས་སྤྲིན་ནག་འཁྲིགས་པའི་མོད།།

སྔོན་བསགས་ལས་སྨོན་བཙན་པོས་རབ་བསྐུལ་བས།།

འབྲོང་ངུར་ཆོས་ཀྱི་རྒྱལ་པོའི་དགོངས་དབྱིངས་ལས།།

རབ་འཕོས་གཟིགས་སྣང་འབུམ་གྱི་རྒྱུ་སྐར་བཀྲ།།

 

བློ་བརྟུལ་རྨོངས་པའི་བློ་ཡི་ར་བ་རུ།།

ཐམས་ཅད་འཛིན་བསྐྱིལ་སྣོད་དུ་མ་གྱུར་ཀྱང༌།།

དམ་པའི་ཞལ་གསུང་ཚངས་ཆེན་རལ་ཀློང་ནས།།

ལེགས་འབེབས་གངྒཱའི་ཟེགས་མ་སྙིང་དུ་འཁྱིལ།།

 

དེ་ཕྱིར་རང་བཟོའི་རྟོག་པས་མ་འབགས་ཤིང༌།།

སྡེབ་ལེགས་ཟ་འོག་རི་མོ་ལས་དྲངས་པའི།།

སྙན་འཇེབས་དྲི་ཟའི་པི་ཝང་འགྱུར་ཁུག་གིས།།

སྐལ་ལྡན་ཡིད་མཁའ་གསོ་བའི་རྒྱན་དུ་སྤེལ།།

 

གང་ཞིག་སྨོས་པའི་ལེགས་ཚོགས་དགེ་བ་ཡིས།།

མི་ཤེས་རྒྱུ་བཞི་ལ་སོགས་སྒྲིབ་གཉིས་ཆ།།

རྩད་ནས་ཞི་སྟེ་བྱང་ཆེན་རྒྱལ་ས་རུ།།

ཡན་ལག་བདུན་ལྡན་སྣང་བ་མི་འབྲལ་ཤོག།།

 

དེ་ལྟར་གསང་བདག་གཏུམ་ཆེན་མི་ཡི་རོལ་གར་སེམས་དཔའ་ཆེན་པོ་སྟེ། ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ། གུ་ཤྲཱི་འབྲོང་ངུར་ཆོས་ཀྱི་རྒྱལ་པོའི་གསང་བ་གསུམ་གྱི་གནས་མཆོག་ལ་བསྔགས་པ་འདི་ནི། ཡུལ་བཀྲ་ཤིས་ནགས་ཀྱི་བརྒྱན་པའི་ཤོད་དུ་ལྟེ་ཁྲག་འཐོར་ཞིང༌། འཕགས་ཡུལ་ཆོས་ཀྱི་ཞིང་སར་རིས་མེད་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བ་ཅན། འབྲོང་བན་བསྟན་འཛིན་ལམ་བཟང་འབོད་པས། སྔ་འགྱུར་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་ས་གཉིས་པ། ཐེག་མཆོག་རྣམ་གྲོལ་གླིང་གི་ཡ་གྱལ་སྔ་འགྱུར་མཐོ་སློབ་རང་ཤག་ཏུ།  སྤྱི་ལོ་ ༢༠༠༨ ཟླ་བ་ ༡༡ ཚེས་ ༡ ཉིན་མཇུག་རྫོགས་པར་བྲིས་པའོ།། དགེ་ལེགས་འཕེལ།། །།

 

 

 

599 total views, 1 views today