རིག་གནས་སོ་སོར་ཐུན་མིན་ཁྱད་ཆོས་རེ།

ཀ་༽ ཇི་སྐད་དུ། འཇམ་མགོན་ས་པཎ་གྱིས། ཤེས་རབ་ཕྱོགས་གཅིག་ལྡན་པས་ཀྱང་། །བྱ་བ་ཀུན་ལ་མཁས་པ་དཀའ། །ཤིན་ཏུ་གསལ་བའི་མིག་གིས་ཀྱང་། །སྒྲ་ལ་ཉན་པར་ནུས་མ་ཡིན། །ཞེས་གསུངས་པ་ལྟར། དེང་གི་དུས་འདིར་མཁས་བླུན་རྒན་གཞོན་བར་མ་ཀུན་གྱིས་དེ་དོན་མཁྱེན་དགོས་པ་ཤིན་ཏུ་གལ་ཆེ་བར་སྣང་ཞིང་། ཤེས་བྱའི་སྡོམ་ཚིག་ཆེན་པོ་དེ་ཁོང་དུ་མ་ཆུབ་པ་ལ་བརྟེན་ནས་རིག་གནས་ཕན་ཚུན་བར་འགལ་ཟླ་དང་རིག་གནས་པ་ཕན་ཚུན་བར་ཆགས་སྡང་འཁྲུགས་སློང་སོགས་བྱུང་དང་འབྱུང་བཞིན་ཡོད།
དཔེར་ན། ཤིང་མཁན་གྱིས་རྫ་མ་བཟོ་ཤེས་པའི་ངེས་པ་མེད་ལ། རྫ་མ་བཟོ་ཤེས་དགོས་པའི་རྒྱུ་མཚན་ཡང་མེད། དེ་བཞིན་དུ་རྫ་མཁན་གྱིས་ཤིང་བཟོ་ཤེས་པའི་ངེས་པ་མེད་ལ། ཤིང་བཟོ་ཤེས་དགོས་པའི་རྒྱུ་མཚན་ཡང་མེད། རྫ་མ་བཟོ་མ་ཤེས་པས་ཤིང་བཟོ་བ་ཡང་དག་མ་ཡིན་པ་དང། ཤིང་བཟོ་མ་ཤེས་པས་རྫ་མཁན་ཡང་དག་མ་ཡིན་པ་ཞིག་ཏུ་ག་ལ་འགྱུར། དེས་ན་ཤིང་བཟོའི་རིག་གནས་དང་རྫ་བཟོའི་རིག་གནས་སོ་སོར་ཐུན་མིན་ཁྱད་ཆོས་རེ་ལྡན་ཞིང་། སྤྱི་ཚོགས་ལ་གཉིས་ཀ་མཁོ་ལ་གཉིས་ཀ་གལ་ཆེ། ཚེམ་བུ་བས་སྐྲ་གཞར་སྟངས་མ་ཤེས་ཀྱང་འགྲིགས་ལ། སྐྲ་གཞར་བས་གོས་འཚེམ་གྱི་རིག་གནས་མ་ཤེས་ཀྱང་ཆོག འོན་ཀྱང་སྐྲ་གཞར་བས་སྐྲ་ལེགས་པར་གཞར་མ་ཤེས་པ་དང་། ཚེམ་བུ་བས་གོས་ལེགས་པར་འཚེམ་མ་ཤེས་ཚེ། ད་གཟོད་ཞབས་འདྲེན་ཡིན་ལ་རྗེས་ལུས་ཀྱང་ཡིན།
དེ་བཞིན་དུ། དབང་པོ་ལྔ་ལ་མཚོན་ན། མིག་ཇི་ལྟར་གསལ་ན་ཡང་སྒྲ་ཐོས་མི་ཐུབ་ལ། རྣ་མཆོག་ཇི་ཙམ་གསངས་ན་ཡང་གཟུགས་མཐོང་མི་ནུས། དེས་ན། མིག རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སོ་སོར་ཐུན་མིན་བྱེད་ལས་ཀྱི་ཁྱད་ཆོས་རེ་ལྡན་པས། ང་ཚོར་མིག་དགོས་པ་བཞིན་དུ། རྣ་བ་དང་སྣ་ཡང་དགོས་ལ། ལྕེ་དང་ལུས་ཀྱང་དགོས་པ་ཡིན། ཤིན་ཏུ་གསལ་བའི་མིག་གིས་གཟུགས་མཐོང་བ་བཞིན། མིག་གིས་སྒྲ་ཡང་ཐོས་དགོས། དྲི་ཡང་ཚོར་དགོས། རོ་ཡང་མྱོང་དགོས། རེག་བྱ་ཡང་འཛིན་དགོས་ཞེས་ཨུ་ཚུགས་བྱེད་ས་ག་ལ་ཡོད། རང་རང་གི་བྱེད་ལས་ལེགས་པར་སྒྲུབ་ནུས་ན་དེ་གས་ཆོག
ཀ་པས་ཁ་པར། ཁྱོད་ཀྱི་མིག་དེ་གཟུགས་མཐོང་བ་ལ་ཤིན་ཏུ་གསལ་ན་ཡང་། སྒྲ་ཐོས་མི་ནུས་པས་སྐྱོན་ཅན་ཡིན་ལ་རྗེས་ལུས་ཀྱང་ཡིན་ཞེས་ཟེར་བ་དང་། ཁ་པས་ཀ་པར། ཁྱོད་ཀྱི་རྣ་བས་སྒྲ་ཤིན་ཏུ་གསལ་པོར་ཐོས་ན་ཡང་གཟུགས་མཐོང་མི་ཐུབ་པས་སྐྱོན་ཅན་ཡིན་ལ་རྗེས་ལུས་ཀྱང་ཡིན་ཟེར་བ་ནི། དེང་དུས་ཀྱི་སྣང་ཚུལ་ཡ་མཚན་ཅན་ཞིག་ཡིན། མིག་གིས་སྒྲ་ཐོས་མི་ཐུབ་པའི་རྒྱུ་མཚན་གྱིས་མིག་སྐྱོན་ཅན་དང་། རྣ་བས་གཟུགས་མཐོང་མི་ཐུབ་པའི་རྒྱུ་མཚན་གྱིས་རྣ་བ་སྐྱོན་ཅན་དུ་འཇོག་འོས་སམ།
དངོས་པོ་རེ་རེ་ལ། མི་རེ་རེ་ལ། དུད་འགྲོ་རེ་རེ་ལ། སྨན་རེ་རེ་ལ། ཤིང་ཏོག་རེ་རེ་ལ། ཡུལ་རེ་རེ་ལ། དུས་རེ་རེ་ལ། རིག་གནས་རེ་རེ་ལ་གཞན་ལ་མེད་པའི་ཐུན་མིན་ཁྱད་ཆོས་རེ་བསྙོན་མེད་དུ་ཡོད་པས། རང་ལ་ཉེར་མཁོ་དང་བསྟུན་ནས་ལོངས་སུ་སྤྱོད་ཐུབ་པར་བྱ་བ་གནད་ཆེ་བ་ལས། ཐམས་ཅད་ལ་ཐམས་ཅད་ལྡན་དགོས་པ་དང་། ཡོད་ཚད་ཀྱིས་ཡོད་ཚད་ཤེས་དགོས་པའི་ཨུ་ཚུགས་བྱེད་མི་རུང་སྙམ། ད་དུང་། ཁྱོད་དང་ཁྱོད་ཀྱི། ང་དང་ང་ཡི་ཟེར་ནས་དགག་བཞག་སྤོང་གསུམ་ནི་དེ་བས་ཀྱང་བྱེད་དགོས་དོན་མེད།

ཁ་༽
དེར་བརྟེན་འཚོ་བའི་ནང་ཉེ་བར་མཁོ་བའི་གལ་ཆེའི་རིག་གནས་དཔེར་མཚོན་ཙམ་གླེང་ན། ཆོས་དང་། ཆབ་སྲིད། ཚན་རིག གསོ་བ། དམག་དོན། ཚོང་ལས། བཟོ་ལས། དཔལ་འབྱོར་སོགས། རིག་གནས་ཡོད་ཚད་ལ་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་ལ། རང་རང་གི་ས་ནས་འགྲོ་བའི་བདེ་སྡུག་ལ་ནུས་ཤུགས་ངེས་ཅན་ཞིག་འདོན་གྱི་ཡོད། དེ་བཞིན། ཆོས་པ་དང་། ཚན་རིག་པ། ཆབ་སྲིད་པ། སྨན་པ། ཚོང་པ། དམག་མི། ཉེན་རྟོག་པ། བཟོ་པ་སོགས་ལའང་རང་རང་གི་ཐུན་མིན་ཁྱད་ཆོས་རེ་དང་བྱེད་ལས་རེ་ལྡན། དེ་དག་གིས་རང་རང་གི་ས་ནས་སྔ་ནས་ད་བར་འཛམ་གླིང་སྣོད་བཅུད་ལ་ཕན་པའི་བྱ་བ་སྣ་མང་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པས། གཅིག་གིས་གཅིག་ལ་བྱུས་གཏོགས་དང་གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་མི་འོས་ལ། གཅིག་གིས་ཤེས་པ་གཅིག་གིས་ཤེས་དགོས་པའི་ཨུ་ཚུགས་ཀྱང་འགྲོ་ས་མེད།
ང་ཚོར་དབང་པོ་ལྔ་ཀ་གལ་ཆེ་བ་བཞིན། འཛམ་གླིང་ཆེན་པོ་འདིའི་ནང་སེམས་ཅན་གྱི་རིགས་སྣ་ཚོགས་པ་ཡིན་པས། ཆོས་ཀྱང་དགོས་ལ་ཚན་རིག་ཀྱང་དགོས། ཆབ་སྲིད་ཀྱང་དགོས་ལ་ཚོང་ལས་ཀྱང་དགོས། དམག་དོན་དང་དཔལ་འབྱོར་དེ་བཞིན་གསོ་བ་སོགས་ཀྱང་རྒྱུན་མཐུད་ཡོད་དགོས་པ་ཡིན། རང་སོ་མི་ན་བས་སོ་སྨན་མི་དགོས་ནའང་གཞན་སོ་ན་མཁན་ལ་དགོས་པ་ལོས་ཡོད། གང་ཟག་སྒེར་གྱི་དབང་དུ་བཏང་ན། ཡོད་ཚད་ཤེས་དགོས་པ་དང་ཡོད་ཚད་ལ་བྱུས་གཏོགས་བྱེད་དགོས་པའི་ངེས་པ་མེད། ཆོས་པས་ཆོས་ཀྱི་ས་ནས། ཚན་རིག་པས་ཚན་རིག་གི་ས་ནས། སྨན་པས་སྨན་གྱི་ས་ནས། དམག་མིས་དམག་གི་ས་ནས་རང་གི་ཐུན་མིན་ཁྱད་ཆོས་དང་འགན་འཁྲི་ངོ་ཤེས་པར་བྱས་ནས་ལག་ལེན་དུ་བསྟར་ཚེ། རང་ཡང་བདེ་ལ་གཞན་ཡང་སྐྱིད། འཛམ་གླིང་གོ་ལ་ཟླུམ་པོར་ཞི་བདེ་ཟེར་བ་དེའང་རང་བཞིན་གྱིས་འབྱུང་ཐུབ་པའི་ཡིད་ཆེས་ཡོད།
མེས་གོས་འཁྲུད་པའི་ལོ་རྒྱུས་མེད་ལ། ཆུས་གོས་སྲེག་པའི་ལོ་རྒྱུས་ནི་དེ་བས་ཀྱང་མེད། འོན་ཀྱང་འབྱུང་བ་བཞི་རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་རེ་རང་གཤིས་སུ་གྲུབ་ཡོད་པས། འབྱུང་བ་བཞི་ལ་ལེགས་ཉེས་དང་སྐྱོན་ཡོན་ཆེ་ཆུང་བརྩི་བར་འབད་པ་ནི་རང་ཉིད་ངལ་བའི་རྒྱུར་ཟད།
འཛམ་གླིང་འདིར་འཚོ་བའི་སྐྱེ་བོ་རྣམས་འདོད་པ་བདེ་བ་དང་མི་འདོད་པ་སྡུག་བསྔལ་ཡིན་པས། གོང་གསལ་དེ་དག་གིས་རང་རང་གི་ས་ནས་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་བྱེད་ལས་བྱས་དང་བྱེད་བཞིན་ཡོད། ཆོས་ཀྱིས་སྒྲུབ་མ་ཐུབ་པ་དང་སེལ་མ་ཐུབ་པ་ཚན་རིག་གིས་བདེ་བླག་ཏུ་སྒྲུབ་པ་དང་སེལ་ནུས་པ་འབྱུང་གི་ཡོད་ལ། ཚན་རིག་གིས་སྒྲུབ་མ་ཐུབ་པའི་བདེ་བ་དང་སེལ་མ་ཐུབ་པའི་དཀའ་ངལ་ཆོས་ཀྱིས་བདེ་བླག་ཏུ་སྒྲུབ་པ་དང་སེལ་ནུས་པ་འབྱུང་གི་ཡོད། དེ་ནི་མགོ་སྨན་གྱིས་མགོ་ནད་སེལ་བ་དང་མིག་སྨན་གྱིས་མིག་ནད་སེལ་བ་ལྟར་ལས་ཕན་ཚུན་སྐྱོན་ཡོན་དང་མཆོག་དམན་དུ་བགྲང་ག་ལ་བཏུབ། དཔེར་ན། དབང་པོ་ལྔའི་གཞི་ལམ་འབྲས་གསུམ་ལེགས་པར་རྟོགས་པའི་སྐྱེ་བོ་ཞིག་ཡིན་ན། དབང་པོ་ལྔའི་བར་ལ་བསྟོད་སྨད་དང་མཆོག་དམན་གྱི་སྒྲོ་སྐུར་མི་བྱེད་པ་ང་ཚོའི་མངོན་སུམ་མྱོང་བས་གྲུབ་པ་བཞིན་ནོ། །
ཆོས་དང་ཆབ་སྲིད། ཆོས་དང་ཚན་རིག། ཆོས་དང་དམག་དོན། ཆོས་དང་ཚོང་ལས། ཆོས་དང་བཟོ་ལས་སོགས་འགལ་བའང་མིན་ལ་འབྲེལ་བའང་མིན། དེ་དག་འགལ་བར་ཡང་སྒྲུབ་མི་དགོས་ལ་འབྲེལ་བར་ཡང་སྒྲུབ་མི་དགོས། རང་རང་གི་ས་ལ་གནས་སུ་ཆུག ཆོས་པ་ཆོས་ཀྱི་ས་ནས་སྡོད། ཚན་རིག་པ་ཚན་རིག་གི་ས་ནས་སྡོད། ཆབ་སྲིད་པ་ཆབ་སྲིད་ཀྱི་ས་ནས་སྡོད། སྨན་པ་སྨན་གྱི་ས་ནས་སྡོད། དམག་མི་དམག་གི་ས་ནས་སྡོད། ཉེན་རྟོག་པ་ཉེན་རྟོག་གི་ས་ནས་སྡོད། བཟོ་པ་བཟོ་ཡི་ས་ནས་སྡོད། ཚོང་པ་ཚོང་གི་ས་ནས་སྡོད་དང་། རང་གཞན་སྤྱི་སྒེར་ཐམས་ཅད་ལ་ཕན་ཐོགས་དང་དོན་སྙིང་དེས་ཆེ། ཐམས་ཅད་ལ་ཐམས་ཅད་ལྡན་དགོས་པ་མ་ཡིན་ལ། ཡོད་ཚད་ཀྱིས་ཡོད་ཚད་ཤེས་དགོས་པའང་མིན།
ཆོས་པས་ཆོས་མ་ཤེས་ན་སྐྱོན་ཡིན་ལ་ཆོས་ཉམས་སུ་མ་བླངས་ན་དེ་བས་ཀྱང་ཞབས་འདྲེན་ཡིན་གྱི། ཆབ་སྲིད་མ་ཤེས་ན་སྐྱོན་ག་ལ་ཡིན། ཆབ་སྲིད་པས་ཆབ་སྲིད་མ་ཤེས་ན་སྐྱོན་ཡིན་ལ་ཆབ་སྲིད་ཆབ་སྲིད་ལྟར་དུ་མ་བསྐྱངས་ན་དེ་བས་ཀྱང་ཞབས་འདྲེན་ཡིན། སྨན་པས་སྨན་མ་ཤེས་ན་སྐྱོན་ཡིན་གྱི་སྨན་པས་དམག་དོན་མ་ཤེས་ན་སྐྱོན་ག་ལ་ཡིན། དམག་མིའི་ལེགས་ཉེས་དེ་དམག་རྒྱག་སྟངས་མཁས་དང་མི་མཁས་ཀྱི་ཐོག་ནས་འཇོག་དགོས་པ་ལས། སྨན་དཔྱད་ཤེས་མིན་དང་། ཚོང་ལས་གཉེར་མིན་ལ་འབྲེལ་བ་མེད།
དམག་མི་ཞིག་གིས་སྨན་པ་གྲགས་ཅན་ཞིག་ལ་མཛུབ་མོ་བཙུགས་ནས། སྨན་པ་འདིས་དམག་རྒྱག་མི་ཤེས་སོ་ཞེས་ཁྲེལ་རྒོད་བྱེད་པ་དང་། སྨན་པ་ཞིག་གིས་དམག་དཔོན་ཞིག་ལ་མཛུབ་མོ་བཙུགས་ནས། དམག་དཔོན་འདིས་གསོ་བ་རིག་པ་མི་ཤེས་སོ་ཞེས་ཁྲེལ་རྒོད་བྱེད་པ་སོགས་ནི། དེང་དུས་ཀྱི་ངུ་མ་རྒོད་ཀྱི་སྣང་བརྙན་གསོན་པོ་ཞིག་ཡིན།

རྣམ་གྲོལ་གླིང་ནས། འབྲོང་ངུར་ཆོས་རྗེས། སྤྱི་ལོ་ ༢༠༡༤ ཟླ་བ་ ༠༨ ཚེས་ ༢༥ ཉིན་བྲིས།

533 total views, 1 views today

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ།