རྒྱལ་བ་འབྲོང་ངུར་ཆོས་རྗེ།

‌སྤྱིར་བཤད་པ། འབྲོང་ངུར་ཆོས་རྗེ་ནི་མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་། བོད་ཀྱི་བླ་སྤྲུལ་ནང་གི་ལོ་རྒྱུས་རིང་བའི་གྲས་ཤིག་དང་། བསྟན་འགྲོའི་བདེ་དོན་རླབས་ཆེན་བསྒྲུབས་མྱོང་བའི་གངས་རིའི་ཁྲོད་ཀྱི་རྩོད་མེད་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་ཞིག་ཀྱང་ཡིན། ད་བར་སྐུ་ཕྲེང་བཅུ་དྲུག་ཕེབས་ཡོད་པ་ནི།

སྐུ་སྐྱེ་དང་པོ། རྒྱལ་བ་གངས་དཀར་པ་རིན་ཆེན་འོད་ཟེར། ༡༡༧༥ – ༡༢༥༩

གཉིས་པ། གྲགས་པ་རྒྱལ་པོ། ༡༢༦༠ – ༡༣༢༥

གསུམ་པ། ཁྱུང་སྟོན་འོད་པོ། ༡༣༢༦ – ༡༣༨༩

བཞི་པ། ལྷུན་གྲུབ་རྒྱལ་མཚན། ༡༣༩༢ – ༡༤༦༣

ལྔ་པ། པདྨའི་རྒྱལ་མཚན། ༡༤༦༤ – ༡༥༣༢

དྲུག་པ། ཀརྨ་དོན་གྲུབ། ༡༥༣༤ – ༡༥༨༦

བདུན་པ། ཀརྨ་དགེ་དབང་།  ༡༥༨༧ – ༡༦༠༡

བརྒྱད་པ། གངས་པ་མཆོག་རྒྱལ། ༡༦༠༢ – ༡༦༢༢

དགུ་པ། དགེ་བའི་དབང་པོ། ༡༦༢༣ – ༡༦༩༧

བཅུ་པ། དཀོན་མཆོག་བསྟན་འཛིན་བཟང་པོ། ༡༦༩༨ – ༡༧༤༢

བཅུ་གཅིག་པ། བསྟན་འཛིན་དོན་གྲུབ། ༡༧༤༣ – ༡༧༨༥

བཅུ་གཉིས་པ། བསྟན་འཛིན་རྣམ་གྲོལ། ༡༧༨༦ – ༡༨༣༡

བཅུ་གསུམ་པ། ཀརྨ་བྷ་དྲ། ༡༨༣༢ – ༡༨༨༡

བཅུ་བཞི་པ། དཀོན་མཆོག་བསྟན་འཛིན། ༡༨༨༢ – ༡༩༢༢

བཅོ་ལྔ་པ། བསྟན་འཛིན་འགྲོ་འདུལ།  ༡༩༢༣ – ༡༩༧༠

བཅུ་དྲུག་པ། བསྟན་པའི་རྒྱལ་མཚན། ༡༩༨༤ ལོར་སྐུ་འཁྲུངས་སོ།།

 

དེ་ཡང་འབྲོང་ངུར་ཆོས་རྗེ་དང་པོ་རྒྱལ་བ་གངས་པ་རིན་ཆེན་འོད་ཟེར་ (1175-1259) ནི། ཀརྨ་པ་དུས་གསུམ་མཁྱེན་པའི་རང་མཉམ་སློབ་མ་བཅུ་གསུམ་དང་བརྒྱུད་འཛིན་བུ་བཞིའི་ཡ་གྱལ། དེ་བཞིན་འོག་མིན་མཚུར་ཕུའི་ཁྲི་རབས་བཞི་པ་དང་། ཀརྨ་པཀྵིའི་ཡོངས་འཛིན་གནང་ཞིང་། འབྲོང་བུ་དགོན་རྙིང་དང་། དགོན་གསར། སོག་འབྲོང་ངུར་དགོན་ནམ་ཙན་དན་དགོན། ཤག་ཝ་ཐང་འབྲོང་ངུར་དགོན་སོགས་ཕྱག་བཏབ། མདོར་ན་རྒྱལ་བསྟན་སྤྱི་དང་བཀའ་བརྒྱུད་པའི་བསྟན་པར་བཀའ་དྲིན་ལྕི།

 

རྗེ་བཞི་པ་ལྷུན་གྲུབ་རྒྱལ་མཚན་ནི། (1392-1463)རྒྱལ་བ་ཀརྨ་པ་དེ་བཞིན་གཤེགས་པའི་སྐུ་བཅར་བླ་མ་རྣམ་གསུམ་གྱི་གྲལ་དང་། རྒྱ་ནག་གོང་མ་ཡོང་ལིས་永樂皇帝 ཆེ་བསྟོད་དུ་གུ་ཤྲཱིའི་མཚན་དང་ལས་ཐམ་སོགས་ཕུལ།

རྗེ་དགུ་པ་དགེ་བའི་དབང་པོ་ནི། (1923-1697)རྩོད་མེད་མཁས་གྲུབ་ཆེན་པོའི་གོ་སར་གཤེགས། རྒྱལ་བ་ལྔ་པ་ཆེན་པོས་བྱང་ཕྱོགས་པཎྜི་ཏ་ཞེས་ཡང་ཡང་བསྔགས། གསུང་རྩོམ་ཡང་མང་དུ་མཛད།

 

རྗེ་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ་ཞབས་ནི། (1923-1970) གངས་ལྗོངས་བསྟན་འགྲོའི་དོན་དུ་སྐུ་སྲོག་ལོངས་སྤྱོད་བཅས་པ་ཕངས་མེད་དུ་བཏང་། དུས་ངན་ཁྲོད་དུ་འང་གནས་ཡུལ་སྒོ་མོ་ཕྱེས་པ། དག་པའི་གཟིགས་སྣང་གཏན་ལ་ཕབས་པ། སྨིན་གྲོལ་རྒྱ་ཆེར་བསྩལ་བ་སོགས་མདོར་ན་དམ་པའི་རང་རྟགས་ལྷམ་མེར་གསལ་བའི་སྐྱེས་མཆོག་མ་འདྲ་བ་ཞིག་ཡིན་པར་ཡོངས་སུ་གྲགས།

གོང་གསལ་བཞི་ནི་འབྲོང་ངུར་ཆོས་རྗེ་རིམ་བྱོན་ལས་མངོན་ཚན་ཆེ་བའི་མཛད་པ་ཅན་ཞིག་ཡིན་ལ། སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རྒྱས་པར་མཁྱེན་འདོད་ན། ཝ་ཐང་དབུ་རྒན་དམ་ཆོས་ཀྱིས་བརྩམས་པའི་སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་གྱ་བ་འབྲོང་ངུར་པ་རིམ་པར་བྱོན་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པར་འདྲེན་པའི་གྲུ་གཟིངས་དང་། ཁོ་བོས་བརྩམས་པའི་ཚེས་གཉིས་ཟླ་བའི་འོད་ཟེར་གཉིས་ཀྱི་ནང་གསལ་པོར་འཁོད་ཡོད།

 

བྱེ་བྲག་ཏུ་བཤད་པ། འབྲོང་ངུར་ཆོས་རྗེ་བཅུ་དྲུག་པ་བསྟན་པའི་རྒྱལ་མཚན་ནི། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་ཡེ་ཤེས་དབྱིངས་གཟིགས་ཀྱིས་ངོས་འཛིན་གནང་། རྗེ་བཅོ་ལྔ་པ་ཆེན་པོས། ཉིད་ཀྱི་ཡང་སྲིད་སྐོར་གསུང་མང་པོ་ཕེབས་ཡོད་པ་ལས་གཅིག་ནི་འདི་ལྟར་ཏེ། ཧེ་ཧེ། ལྷོ་རྒྱ་ལ་སེང་གདོང་རི་རྩེ་ནས། །སེང་དཀར་མོ་གཡུ་རལ་རྒྱས་ནས་འོང་། །གཡུ་རལ་དུང་སེང་ངར་སྐད་དེ། ། འོད་གསལ་འགྲོ་ལམ་བདེ་བ་དེར། ། འགྲོ་འདུག་མི་དགོས་བདེ་བར་ཤར། །ཅེས་པའི་ལུང་དོན་དང་ཡོངས་སུ་མཐུན་པར་གྱུར། ངོས་འཛིན་བགྱིས་ཚུལ་རྒྱས་པར་ཁོ་བོས་བྲིས་པའི་༼ཚེས་གཉིས་ཟླ་བའི་འོད་ཟེར་༽ཞེས་པ་དེར་གསལ།

རྗེ་གང་ཉིད་སྔར་བོད་ཡུལ་གཙང་སྟོད་ཀྱི་ཁོངས་སུ་གཏོགས་ཤིང་དེང་བལ་ཡུལ་གྱི་མངའ་ཁོངས་སུ་གྱུར་པ་གློ་བོའི་ལྗོངས་ཀྱི་མཚོ་ཤར་ཞེས་པའི་ས་གནས་སུ། ལོ་རྒྱུས་ཡུན་རིང་ལྡན་པའི་རྒོད་ཟེར་ཞེས་པའི་ཁྱིམ་དུ། ཡབ་ཉི་མ་དབང་འདུས་དང་ཡུམ་པ་སངས་གཉིས་ཀྱི་སྲས་སུ། སྤྱི་ལོ་ 1984 ལོར་སྐུ་བལྟམས། སྤྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༧ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་ཅིང་། སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་འགན་འཛིན་ལོ་གསུམ་རིང་གནང་ནས། ད་ལྟའི་ཆར་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཐུགས་བསྐྱེད་ལས་འཁྲུངས་པའི་སྔ་འགྱུར་མཐོ་སློབ་ཆེན་མོའི་དཔེ་ཁྲིད་དགེ་རྒན་དང་རྣམ་གྲོལ་གླིང་གྲྭ་ཚང་གི་ཚོགས་གཙོ་གནང་མུས་སུ་བཞུགས། སྔ་ཕྱི་རིམ་བཞིན། ༡༽  ཕྱི་ལོ་ ༢༠༠༩ ལོར་དཔྱད་བརྗོད་ཟུར་གནས་བབ་སྟེགས། ༢༽  ཕྱི་ལོ་ ༢༠༡༠ ལོར་འབྲོང་དཀར་པོའི་ངུར་སྒྲ། ༣༽  ཕྱི་ལོ་ ༢༠༡༥ ལོར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་ཚིག་དང་དོན་རྒྱ་ཆེར་འགྲེལ་བ་དོན་གཉིས་ལམ་བཟང་། ༤༽  ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྟགས་ཀྱི་འཇུག་པའི་བརྗོད་བྱ་སྙིང་པོ་བྱ་ཚིག་གི་རྣམ་གཞག་ཞིབ་ཅིང་རྒྱས་པར་བཤད་པ་ལག་ལེན་བཅུད་བསྡུས་ཆེན་མོ། ༥༽  ཕྱི་ལོ་ ༢༠༡༨ ལོར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཚིག་དང་དོན་རྒྱ་ཆེར་འགྲེལ་བ་ཚོགས་གཉིས་ལམ་བཟང་བཅས་དེབ་གྲངས་ལྔ་བརྩམས་པར་མཛད་ཡོད། ཞིབ་པར་གཞན་དུ་གསལ། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་བརྟས་པར་སྨོན། འབྲོང་ངུར་ཕོ་ཉས།

 

1,633 total views, 1 views today

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ།