རྒྱལ་བ་འབྲོང་ངུར་པའི་ཐུན་མིན་བཀའ་སྲུང་རྡོ་རྗེ་རྫིང་བཙན་གྱི་ངོ་སྤྲོད་བཞུགས་སོ།།

ཐུབ་དབང་རྡོ་རྗེ་འཆང་གི་ཞལ་སྐྱིན་མཆོག།

བྷོ་ཊའི་ལྗོངས་ཞེས་གྲགས་པའི་མགོན་གཅིག་པུ།།

སྙིགས་མའི་རྒུད་པ་སེལ་མཛད་རིན་ཆེན་ནོར།།

མཚོ་སྐྱེས་པད་མ་ཀཱ་རས་རྣམ་ཀུན་སྐྱོངས།།

 

གང་ཐུགས་ཆོས་ཉིད་ཀློང་ལས་མ་གཡོས་ཀྱང༌།།

སྙིང་རྗེས་འགྲོ་ལ་ཆགས་པ་བསྟན་དགྲའི་གཤེད།།

རབ་འཇིགས་གར་དགུའི་ཉམས་ཅན་ཁྲོ་བོའི་སྐུ།།

དཔལ་ཆེན་ཀཱི་ལ་ཡ་ཡིས་ཕྲིན་ལས་སྩོལ།།

 

འོག་མིན་ཆོས་སྐུའི་ཕོ་བྲང་ག་ལ་བར།།

དམ་ལྡན་སྐད་ཅིག་བཙུད་པའི་ནུས་མཐུ་ཅན།།

མི་འགྱུར་བདེ་ཆེན་དཔལ་ལ་དབང་བསྒྱུར་པའི།།

རྒྱལ་ཡུམ་འཁོར་ལོ་རྒྱས་འདེབས་སྙིང་ནས་མཛའ།།

 

འཕོ་མེད་བདུན་ལྡན་རྩ་གསུམ་ངོ་བོ་རུ།།

རིང་ནས་གཤེགས་ཀྱང་ཐུགས་བརྩེ་ཁོ་ན་ཡིས།།

སྲིད་གསུམ་གྲོང་དུ་སྐྱེ་འཆིའི་གར་ལ་རོལ།།

འབྲོང་ངུར་ཆོས་རྗེ་རྫོགས་བྱང་ཐོབ་ཀྱང་མཆོད།།

 

ཟླ་མེད་ཆོས་ཀྱི་རྒྱལ་པོ་འབྲོང་ངུར་པའི།།

རིགས་བརྒྱུད་ཆོས་ཀྱི་སྐྱེད་ཚལ་སྐྱོང་བའི་གཉེན།།

རྫིང་བཙན་དཔའ་བོ་འོད་ཟེར་བརྒྱ་པ་ཡི།།

མ་བཅོས་ངོ་སྤྲོད་མདོར་ཙམ་སྤྲོ་བར་བྱ།།

དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ར་དང་བ་དང་པོར། །དགེ་སློང་གང་ཞིག་རབ་བྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན་ཡབ་ཁྱུང་པོ་ཇོ་ནག་ཅེས་པའི་སྲས་སུ་སྤྱི་ལོ་ ༡༡༧༥ ལོར་ངོ་མཚར་བའི་ལྟས་བཅས་མཚན་དཔེ་བཞད། མཚན་རིན་ཆེན་འོད་ཟེར་ཞེས་བསྩལ། སྐབས་དེར་གྲགས་ཅན་མཁས་གྲུབ་ཕལ་མོ་ཆེའི་ཞབས་པད་གཙུག་ཏུ་བསྟེན་ཏེ་མཁས་པའི་ཕ་མཐར་སོན། ཡབ་ལས་སྔ་འགྱུར་ཆོས་བཀའ་ཞི་ཁྲོ་ཕུར་གསུམ་ཞུས་ཤིང་ཐུགས་ཉམས་སུ་བཞེས་པས་སྣང་སྲིད་དག་མཉམ་གཟིགས། འགྲོ་མགོན་ཀརྨ་པའི་སྙན་པས་ཐུགས་འཕྲོག་སྟེ། རིན་པོ་ཆེ་ཇོ་མོ་སྒང་ལ་བཞུགས་དུས་མཇལ། བཀའ་བརྒྱུད་ཀྱི་ཆོས་རྣམས་ཞུས་པས་ཐུགས་དམ་མངོན་དུ་གྱུར། ཕྱིས་འོག་མིན་མཚུར་ཕུའི་གདན་ས་ལོ་དྲུག་མཛད། གྲུབ་མཆོག་ཀརྨ་པཀྵིའི་དབུ་བླ་མཛད། དཀར་ལེབ་ཕུག་ཏུ་ཡུན་རིང་སྒྲུབ་པ་མཛད་པས་མཚན་གངས་དཀར་པ་ཐོགས། སྤྲུལ་པའི་འབྲོང་གིས་ངུར་སྒྲ་བཅས་ཟངས་མདོག་དཔལ་རིར་གདན་དྲངས་པའི་བླ་དྭགས་ལས་འབྲོང་ངུར་ཞེས་པའི་མཚན་ཐོགས། ཕྱིས་གང་གི་མཚན་ལས་དྲངས་ཏེ་གདན་ས་དང་སློབ་བརྒྱུད་བཅས་ལ་དེ་ལྟར་འབོད། གཙང་དུ་འབྲོང་བུ་དགོན་རྙིང་དགོན་གསར་སོགས་བཏབ། སྐུ་ཚེའི་སྨད་ཁམས་སུ་ཕེབས་ཏེ། སོག་ཙནྡན་དགོན་དང་ཝ་ཐང་སོགས་འབྲོང་ངུར་དགོན་དུ་མ་བཏབ། གདན་ས་གཉིས་འཛིན་གནང༌། བྱང་མེ་མོ་བྲག་གི་གནས་བདག་མཛད། མདོར་ན་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་ཁོ་ནར་བརྩོན་པས་འབྲོང་ངུར་ཆོས་རྗེ་ཞེས་དང་རྒྱལ་བ་འབྲོང་ངུར་པ། རིག་འཛིན་གངས་དཀར་པ། ཆོས་རྗེ་སྒང་པ་སོགས། མཚན་གྱི་རྣམ་གྲངས་དུ་མའི་སྒོ་ནས་བསྔགས་པའི་གྲགས་སྙན་དུས་མཐར་ཡང་ཁྱབ། མཐར་སྤྱི་ལོ་ ༡༢༥༩ ལོར་སོག་ཙནྡན་དགོན་དུ་གཤེགས། སྐུ་གདུང་ཡང་དེར་བཞུགས། དེ་ནས་སྐུ་ཕྲེང་རིམ་པར་ད་ལྟ་བཅུ་དྲུག་པ་འབྲོང་ངུར་ཆོས་རྗེ་དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན་འཚོ་བཞིན་པའི་བར་དུ་ཕེབས། དེ་དག་གི་རྣམ་ཐར་གཞན་དུ་གསལ་བས་རྟོགས་པར་བྱ། རྗེ་གངས་པ་མཚུར་ཕུའི་ཁྲིར་མ་ཕེབས་པར་སྨྲ་བ་འགའ་འདུག་མོད་དོན་དུ་ཐོས་པ་ཆུང་བའི་སྐྱོན་ཁོ་ན་སྟེ། དེ་ཡང་རྗེ་ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེའི་བཀའ་འབུམ་ ༼མཚུར་མདོའི་དཀར་ཆག་དབྱིན་ཨང་ ༨ པར་༽ ལས། གཡོན་ངོས་ཀྱི་བླ་མའི་སྐུ་ཆེ་བ་འདི། ཉིད་ཀྱི་དངོས་སློབ་ཕྱིས་གདན་ས་ཡང་མཛད་པ། རྒྱལ་བ་གངས་དཀར་བ་རིན་ཆེན་འོད་ཟེར་གྱི་སྐུ། རྗེ་ཉིད་ཀྱི་ཕྱག་ནས་མ། ཞེས་གསལ་པོར་གསུངས་པས་སོ།། དེ་ཉིད་ཀྱི་སློབ་བརྒྱུད་དང༌། ཆོས་བརྒྱུད་ད་ལྟར་ཡང་ཡོད་པ་ལོ་རྒྱུས་གཞན་དུ་གསལ་བས་མ་བརྗོད་དོ།།

གང་གི་ཐུན་མོང་མ་ཡིན་པའི་བཀའ་སྲུང་ནི། རྡོ་རྗེ་རྫིང་བཙན་ཁོ་ནར་བྱེད་པ་ཡིན་ལ་དེ་ཡི་ངོ་སྤྲོད་མདོར་ཙམ་བཤད་པར་འདོད། འབུམ་རམས་པ་འབྲོང་ངུར་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། ཨོ་རྒྱན་སངས་རྒྱས་གཉིས་པ། རྒྱལ་བ་རྨོག་ལྕོག་ཆེན་པོ། ཁྱད་པར་དུ་མཐུ་སྟོབས་དབང་ཕྱུག་དཔལ་ལྡན་གངས་དཀར་པ་སོགས་ཀྱི་སྤྱན་སྔར། བསྟན་པ་སྲུང་བར་ཞལ་གྱིས་བཞེས་ཤིང༌། ས་བརྒྱད་ཐོབ་པའི་སེམས་དཔའ་ཆེན་པོ། རྫུ་འཕྲུལ་དང་ནུས་མཐུ་དཔག་ཏུ་མེད་པ་མངའ་བའི་བཀའ་སྲུང་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས་འབྲོང་ངུར་པའི་ཆོས་བརྒྱུད་འཛིན་པ་ཀུན་གྱིས་སྲུང་མ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་བརྩིས་སྲོལ་ཡོད་པ་ཡིན། ཞེས་བྲིས་པ་དོན་ལ་གནས་ཤིང༌། འབྲོང་ངུར་ཆོས་རྗེ་དགུ་པས། སྐྱེས་བུ་ཆེན་པོ་བཙན་གྱི་མགོན་པོ་ལ། །འགྲོ་མགོན་ཆེན་པོ་རྒྱལ་བ་གངས་པ་ཡིས། །བཀའ་སྲུང་ཁྱོད་ལ་གསང་བའི་མཚན་གསོལ་བ། །རྡོ་རྗེ་རྫིང་བཙན་བྲ་ནག་རྟིང་དཀར་ཆིབས། །མངའ་གསོལ་མཆོད་བཞེས་བདག་གི་བསྟན་པ་སྲུངས། །ཞེས་གསུངས་པས་སོ།།

དེའི་ཕྱིར། རྒྱལ་བ་གངས་པ་ཆེན་པོས་བཀའ་བསྒོས་དམ་བསྒྲགས་ཏེ་དེ་ཕྱིས་ཐུན་མིན་བཀའ་སྲུང་ཞིག་ཏུ་གྱུར་ཡོད་པ་མངོན་ནོ། །འདི་ཉིད་ཀྱི་ལོ་རྒྱུས་བྲིས་པ་ད་བར་ཁོ་བོས་མ་མཐོང་ཞིང༌། ངག་རྒྱུན་ཡ་མཚན་ཅན་འགའ་སྣང་ཡང་ཁུངས་ཕེར་བ་ཞིག་དཀའ་བས་མ་བྲིས། སླེ་ལུང་རྗེ་དྲུང་གི་དམ་ཅན་བསྟན་སྲུང་རྣམ་ཐར་དུ་གསལ་བའི་བཙན་རྒོད་སྐྱེས་བུ་ཀླུ་བཙན་ཞེས་པ་དེ་མིན་ནམ་སྙམ་ཡང༌། ངེས་ཤེས་འདྲོངས་པ་ཞིག་མ་བྱུང་བས་ཁ་ཚོན་མ་ཆོད་ཀྱང་གཟུར་གནས་དག་གིས་དཔྱད་པར་འཚལ། ཁ་ཅིག་ནས་ཙིའུ་དམར་རམ་རོལ་བ་སྐྱ་བདུན་དང་གཅིག་ཏུ་འདོད་མཁན་ཡང་མཐོང༌། གང་ལྟར་གངས་ལྗོངས་སུ་ཡོད་པའི་ཡུལ་ལྷ་ཞིག་འདོད།

རྒྱལ་བ་གངས་པ་ཆེན་པོས། ཀྱཻ། མ་གཡེལ་མ་གཡེལ་དྲག་པོ་བཙན། །མ་གཡེལ་མ་གཡེལ་མཐུ་རྩལ་ཅན། །ཕྱོགས་ཕྱོགས་དེ་ཡི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཡ་ཀི་ན། །གནམ་ས་གྲུ་གསུམ་དྲག་པོའི་གནས་མཆོག་ན། །ཁྱད་པར་སྒྲུབ་གནས་ཆེན་པོའི་གཡས་ཟུར་ན། །ཤིང་ནགས་སྤྲིན་ལྟར་འཐིབས་པའི་ཀློང་དཀྱིལ་ན། །ཁྱད་པར་བྲག་ཤིང་ཁྲ་མའི་དཀྱིལ་ཤེད་ན།། རྫིང་བཙན་མེར་མེར་འཁྱིལ་བའི་ནང་ཤེད་ན། །ཁྱད་པར་ཆུ་གཉན་མེར་བའི་ཀློང་དཀྱིལ་ན། །ཞེས་གང་ནས་སྤྱན་འདྲེན་པའི་ཡུལ་ལམ་ཙམ་བསྟན་ཀྱང་ཁ་གསལ་མ་མཆིས།

ཡང་ལ་ལར། ཉི་མ་ནུབ་ཕྱོགས་གཙང་གི་ཡུལ། །ཞེས་པའང་འདུག ཀརྨ་པ་བཅུ་བདུན་པས་སྙེ་དང་ཕག་གི་ས་ཆར་ཡོད་ཚུལ་གསུངས། གང་ལྟར་གཙང་ཕྱོགས་སུ་ཡོད་པ་དཔོག་ཐུབ་ཅིང༌། ཕྱོགས་དེར་རི་མཚོ་གང་ཡིན་ཡང་རྫིང་བཙན་ཟེར་བ་ཐག་གཅོད་ཐུབ་སྙམ། ཁ་ཤས་ནས་མཁར་ནག་རེད་ཟེར་ཡང༌།  དེ་ནི་སྟོད་ལུང་གཞོང་པ་ལྷ་ཆུ་དང་ཐག་མི་རིང་བའི་སར་རེད་འདུག་པ་དང་རྡོ་་་་་རྗེ་རྒྱལ་པོ་ཞེས་པའི་གཞི་བདག་གི་གནས་ཡིན་པར་གཞན་དུ་བཤད། ཁོ་བོས་ཞོ་མོ་གངས་དཀར་དང་མི་རིང་བའི་སར་རེད་སྙམ། རྗེས་སུ་དཔྱད་པར་བྱ་རྒྱུ་ལས་ད་རེས་ཞུ་སྤོབས་མ་མཆིས།

འབྲོང་ངུར་ཆོས་རྗེ་དགུ་པ། པཎྜི་ཏ་དགེ་བའི་དབང་པོས་སྐྱེས་བུའི་གསོལ་ཁར། བཙན་གྱི་རྒྱལ་པོ། སྡེ་བརྒྱད་ཀྱི་དམག་དཔོན། ཐུགས་རྗེ་དང་ཕྲིན་ལས་ཐོགས་པ་མེད་པ། སྔོན་ཚེ་སྟོན་པའི་སྤྱན་སྔར་གནོད་སྦྱིན་ལག་ན་མདུང་ཐོགས། བར་དུ་པདྨའི་དམ་བཞག་དགྲ་ལྷ་བར་སྣང་སྐྱེས་མཆོག མ་འོངས་ཕྱི་མའི་དུས་ན་དགེ་བསྙེན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ། ཕྱི་ལྟར་ན་ཚངས་པ་མདུང་ཐོགས། ནང་ལྟར་ན་ཡམ་ཤུད་དམར་པོ། གསང་བ་ལྟར་ན་རྒྱལ་ཆེན་རྣམ་ཐོས་སྲས། ཡང་གསང་ལྟར་ན་དགེ་བསྙེན་རྡོ་རྗེ་རྫིང་བཙན་ཞེས་དང༌།

གཞན་དུ། ས་བརྒྱད་སེམས་དཔའ་ཁྱེད་ལ་བདག་བསྟོད་དོ། །ཞེས་པའི་དོན་ལ་གཞིག་ན། གླང་རི་ལུང་བསྟན་དུ་རྣམ་ཐོས་ཀྱི་བུའི་ལག་ན་མདུང་ཐོགས་ཞེས་པ་དེ་ཡིན་འདུག་ལ། དཔལ་ཧེ་རུ་ཀའི་ངོ་བོར་བྱང་ཆུབ་ཀྱང་འགྲོ་བའི་དོན་དུ་ས་བརྒྱད་སེམས་དཔའི་ཚུལ་བཟུང་ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་དང་གཉིས་སུ་མེད་པར་སྐྱབས་ཡུལ་དུ་བཞུགས་པ་ལས་དྲེགས་པ་རང་རྒྱུད་པ་མིན་པར་གྲུབ་བོ།།

ཇི་སྐད་དུ། སློབ་དཔོན་ཨརྱ་དེ་བས། ལ་ལ་ཡི་ནི་བླ་མར་གྱུར། །ལ་ལ་ཡི་ནི་སློབ་མར་གྱུར། །ཐབས་རིགས་སྣ་ཚོགས་ཐབས་ཀྱིས་ནི། །མ་རྟོགས་སེམས་ཅན་རྟོགས་པར་བྱེད། །གསུངས་པ་ལྟར་གཙོ་འཁོར་དང་ཆ་ལུགས་མ་ངེས་པའི་སྒོ་ནས་བསྟན་དང་དེ་འཛིན་ཀུན་བུ་བཞིན་བསྐྱང་ཕྱིར་བསིལ་ལྗོངས་ཞིང་ཁམས་སུ་གནས་འཆའ་བ་ཡིན་པར་འཁུམ་མོ།།

ཁ་ཅིག་གིས་རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པས་གདོན་འདྲེ་ཞིག་བཏུལ་ཏེ་དམ་ལ་བཞག་པ་དེ་འགྲོ་མགོན་ཆོས་རྗེ་གངས་པ་ལ་ཁྱེད་དེ་ཁྲིད་ནས་ཁམས་སུ་སོང་ལ་དགོན་པ་ཐོབ། དེས་ཁྱེད་ལ་ཕན་ཐོགས་པ་ཞིག་འོང་ཟེར་བ་མི་བདེན་ཏེ་ལོ་རྒྱུས་གང་དུའང་མི་གསལ་བའི་ཕྱིར་རོ། །གོང་དུ་ཆོས་རྗེ་དགེ་བའི་དབང་པོའི་གསུང་དྲངས་མ་ཐག་པ་ལྟར་ས་བརྒྱད་སེམས་དཔའ་ཆེན་པོ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ངོ་བོ་ཡིན་ནོ། །སྟོན་པ་སངས་རྒྱས་ཀྱིས་མདོ་རྒྱུད་ཉེར་གཅིག་ནས། ལུང་གིས་བསྔགས་པའི་སྐྱེས་བུ་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། ཆོས་སྐྱོང་ཡོངས་ཀྱི་གཙོ་བོར་མངའ་གསོལ་བ་ཡིན་ཏེ། མཁས་གྲུབ་ཆགས་མེད་ཞབས་ཀྱིས།

ལོ་གྲངས་བཅུ་གཉིས་མིག་བཙུམས་ཉི་མ་སྒྲུབ།།

རྡོ་རྗེ་གདན་དུ་འོང་ནས་མིག་བལྟས་པས།།

མིག་ནས་མེ་འབར་རྡོ་རྗེ་གདན་གྱི་ནི།།

གཙུག་ལག་ཁང་དང་དམ་ཆོས་ཐམས་ཅད་བསྲེགས།།

སངས་རྒྱས་བསྟན་པའི་རུ་ཏྲར་གྱུར་པའི་ཚེ།།

བདག་ཉིད་ཆེན་པོ་དཔལ་མགོན་ཀླུ་སྒྲུབ་ཀྱིས།།

ཆོས་སྐྱོང་མང་པོ་རྦད་ཀྱང་རྟགས་མ་བྱུང༌།།

དེ་ནས་རྣམ་སྲས་རྟ་སྔོན་ཅན་རྦད་པས།།

ཁོ་ཡི་ཙིཏ྄ཏ་དངོས་སུ་ཁྱེར་ནས་བྱུང༌།།

ཆོས་སྐྱོང་ཡོངས་ཀྱི་གཙོ་བོར་མངའ་གསོལ་མཛད།།

ཅེས་གསལ་པོར་གསུངས་པས་གྲུབ་བོ།།

དེ་ཡང་རྗེ་དགུ་པ་ཆེན་པོས། སྐྱེས་བུ་ཆེན་པོ་བཙན་གྱི་མགོན་པོ་ལ། །ནམ་མཁའི་ལྷ་རྣམས་ཡོངས་ཀྱིས་མངའ་གསོལ་བ། །གྲོ་སྔོན་འཆིབ་ཅིང་དར་དཀར་ན་བཟའ་གསོལ། །གསོལ་ལོ་མཆོད་དོ་ནད་གདོན་ཞི་བར་མཛོད། །སོགས་གསུངས་པའི་ཕྱིར་རྣམ་སྲས་རྟ་སྔོན་ཅན་དང་དེ་བཞིན་མདུང་དམར་ཅན་རྡོ་རྗེ་རྫིང་བཙན་སོགས་མིང་གི་རྣམ་གྲངས་དང༌། སྐུ་མདོག་ཕྱག་མཚན་སོགས་ཐ་དད་པ་ཙམ་ལས། དོན་དུ་ཆོས་སྐྱོང་ཡོངས་ཀྱི་གཙུག་ནོར་འདི་ཁོ་ནར་གྲུབ་བོ།།

ཀུན་མཁྱེན་ཐུབ་པ་ཆེན་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཨོ་རྒྱན་པདྨ་ཀཱ་ར། རྒྱལ་བ་རྨོག་ལྕོག་ཆེན་པོ། འགྲོ་མགོན་ཆེན་པོ་གངས་པ་རིན་ཆེན་འོད་ཟེར་ལ་སོགས་པའི་བཀའ་དང་དམ་ལ་གནས་པའི་བཀའ་སྲུང་ཚད་དང་ལྡན་པ་སོང༌། རང་ཕྱོགས་ཀྱི་མཁས་གྲུབ་དུ་མས་མཛད་པའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་དང་འཕྲིན་བཅོལ་སོགས་ཤིན་ཏུ་མང་ལ། གཞན་ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེ། སྐྱབས་མགོན་ཞི་བའི་བློ་གྲོས། ཀརྨ་པ་ཨོ་རྒྱན་ཕྲིན་ལས།    རྒྱལ་ཚབ་བཅུ་གཉིས་པ་སོགས་ཀྱིས་གསོལ་མཆོད་ཀྱང་མཛད།

ལྷག་པར་སྐྱབས་མགོན་ཞི་བའི་བློ་གྲོས་འཇང་ཡུལ་ནས་ཡར་ལམ་གྱ་བ་འབྲོང་ངུར་པའི་གདན་སར་ཕེབས་དུས། དེར་འཇང་ནས་ཕུལ་བའི་ཆིབས་པ་གཡུ་འབྲུག་སྔོན་མོ་ཞེས་པ། གཞན་ལས་ཁྱད་འཕགས་ཤིག་ཡོད་པ་ཇག་པས་བརྐུས། དགྲ་ལྷ་ཆེན་པོ་བསྐུལ་བས་རང་ནོར་རང་བདག་ཏུ་འཕྲོད་པས་སྐྱབས་མགོན་མཆོག་ཐུགས་ཤིན་ཏུ་དགྱེས་ཏེ། འབྲོང་ངུར་ཆོས་རྗེ་ལ་བཀའ་སྲུང་གློག་འདྲ་བ་ཞིག་འདུག་ཅེས། བསྔགས་བརྗོད་ཡང་ཡང་གནང་བ་སོགས་ངོ་མཚར་བའི་གཏམ་རྒྱུད་ཤིན་ཏུ་མང༌། མེ་འབར་གྲུབ་བཙན་ཡང་འདི་ཡི་སྤྲུལ་བར་འདོད། གླང་དིལ་དགོན་དུ་ཉི་གྲགས་རྒྱལ་སྲས་ཀྱིས་འབྲོང་ངུར་ཆོས་རྗེ་རིན་པོ་ཆེས། སྐྱེས་བུ་དང་མེ་འབར་གཉིས་གཅིག་པ་རེད་འདུག་གསུངས་མྱོང་ཡོད་ཅེས་པ་ཚད་ལྡན་ངག་ལས་ཐོས། བཀའ་སྲུང་ཆེན་པོས་དམ་ལྡན་འགོ་ཞིང་གྲོགས་མཛད་པ་དང༌། དམ་མིན་ལྟ་ལོག་ཚར་བཅད་ཚུལ་གྱི་ལོ་རྒྱུས་ཤིན་ཏུ་མང་ཡང་རེ་ཞིག་བཏང་སྙོམས་སུ་བཞག སོག་ཙནྡན་དགེ་ལུགས་བསྒྱུར་ཡང༌། འབྲོང་ངུར་བཙན་རྒོད་ཅེས་ཐུན་མིན་དུ་རྩི་བཞིན་པ་འདི་ཉིད་གཞན་ལས་ལྷག་པར་ཕྲིན་ལས་མྱུར་བའི་རྒྱུ་མཚན་ཁོ་ནར་ངེས།

དེ་ལྟར་ཉུང་ངུའི་ངག་གིས་གསལ་བ་དེ་ཡང༌། རང་ཉིད་ཆོས་ལུགས་ག་གེ་མོ་ཞིག་གི་ལྟ་བའམ། ཕྱོགས་འཛིན་དགོས་མེད་ཀུན་སློང་ངན་པ་མ་འཆང་ཡང༌། རང་ཕྱོགས་ཀྱིས་བཙན་རྒན་འདི་ལྟ་བུ་མེད་ཅེས་རྨོངས་ཞེན་སྐད་ཆ་ཁོ་ན་ལས། ཅི་འདྲ་ཡིན་མིན་ལོ་རྒྱུས་འདྲི་ཚེ་མི་སྨྲ་བའི་བརྟུལ་ཞུགས་འཆང་བ་ལས་འདི་ཡིན་བྱ་བ་གཅིག་ཀྱང་མི་འདུག་པས། རང་མཉམ་དོན་གཉེར་ཅན་འགའ་ལ་ཕན་དུ་སྲིད་སྙམ་སྟེ།

རང་བཟོའི་དྲི་མས་མ་འབགས་པར་གཙོ་བོ་འབྲོང་ངུར་ཆོས་རྗེ་དང་པོ་གངས་དཀར་རིན་ཆེན་འོད་ཟེར་དང༌། ཆོས་རྗེ་དགུ་པ་པཎྜི་ཏ་དགེ་བའི་དབང་པོ་སོགས་ཀྱིས། མཛད་པའི་སྐྱེས་བུའི་གསོལ་ཁ་ཁག་ལས་བཏུས། གཟུར་གནས་བློ་ལྡན་རྣམས་ཀྱི་གསུང་གིས་ཟུར་བརྒྱན་ཏེ། བཀོད་ཁུལ་ཡིན་ཡང༌། རང་ཉིད་སྐྱེས་སྦྱངས་དམན་པ་དང་ཆོས་མིག་མ་ཐོབ་པས་ནོར་རྫོབ་མང་པོ་ཡོད་ངེས་པས། རྩ་གསུམ་ལྷ་ཡི་སྤྱན་སྔར་བཤགས་ཤིང་དགེ་འདིས་འགྲོ་ཀུན་དག་པའི་སྣང་བ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག་གུ། །།

སླར་སྨྲས་པ།

གཞི་དབྱིངས་ཆོས་སྐུའི་རྩལ་ལས་མ་གཡོས་ཤིང༌།།

འཇིགས་མཛད་དམར་ནག་མེ་རླུང་འཁྲུག་པའི་ཀློང༌།།

ཞིང་བཅུའི་དགྲ་ཚོགས་ཀུན་འཇོམས་སྲོག་གི་གཤེད།།

རྔམ་བརྗིད་དྲེགས་པའི་དེད་དཔོན་སྐུ་རུ་ཤར།།

 

ཐུབ་བསྟན་གངས་ཀྱི་ལྷུན་པོ་མཛེས་པའི་རྩེར།།

སྒྲུབ་བརྒྱུད་འཇིགས་མེད་གད་རྒྱངས་སྒྲོག་ལ་རྔམ།།

གཉེར་སྐྱོང་ཆུ་འཛིན་ཕུང་པོ་ཕྱོགས་བཅུར་དཀྲིགས།།

རྣམ་བཞིའི་ཕྲིན་ལས་མྱུར་སྒྲུབ་གྲགས་སྙན་འབར།།

 

འབྲི་འབྲོང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི།།

གསང་གསུམ་འགལ་རྐྱེན་སྐད་ཅིག་སྲེག་བྱས་ཏེ།།

ཕྲིན་ལས་གླིང་བཞིའི་ཁྱོན་ཀུན་བསྐོར་བ་ལ།།

རྣམ་ཀུན་མ་གཡེལ་སྲུངས་ཤིག་དགྲ་ལྷ་ཀྱཻ།།

 

དེ་སྐད་སྨྲ་འདི་རང་བཟོས་མ་བསླད་ཅིང༌།།

འབྲོང་ངུར་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི།།

ལེགས་གསུང་སྒྲོན་མེའི་འོད་སྣང་དང་འགྲོགས་ཏེ།།

དོན་གཉེར་དགྱེས་པའི་ཆོ་ག་ཁོ་བོས་སྤྲོས།།

ཞེས་འབྲོང་ངུར་ཕོ་ཉ་བསྟན་འཛིན་ལམ་བཟང་གིས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། སྤྱི་ལོ་ ༢༠༠༨ ཟླ་བ་ ༡༡ ཚེས་ ༧ ཉིན་མཇུག་རྫོགས་པར་སྤེལ།།

 

༄༅། །འབྲོང་ངུར་བཀའ་སྲུང་འཕྲིན་བཅོལ་མདོར་བསྡུས་བཞུགས་སོ།།

 རྩ་བ་གསུམ་དང་ཁྱད་པར་ཆོས་ཀྱི་རྗེས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་ཆེན་ཕོབས། །འདིར་བཀའ་སྲུང་ཆེན་པོ་གསོལ་མཆོད་འདོད་པས། ཇ་ཆང་ཕུད་དང་ཕྱེ་མར་ཤོམ་ལ། རང་ལྷ་ཡི་ང་རྒྱལ་དང་ལྡན་པས་འདི་སྐད་དོ།

ཧྲི། དམར་ནག་མེ་རླུང་རབ་ཏུ་འབར་བའི་དབུས།།

གནམ་ས་ཆོས་འབྱུང་སྣོལ་བའི་གཞལ་ཡས་ནས།།

དགྲ་ལྷའི་རྒྱལ་པོ་དམ་ཉམས་ཡོངས་ཀྱི་གཤེད།།

མཆེད་འཁོར་དཔུང་བཅས་མ་ཐོགས་གནས་འདིར་བྱོན།།

ཁམས་གསུམ་སྲོག་བདག་རྡོ་རྗེ་རྫིང་བཙན་ནི།།

འཇིག་རུང་དམར་ཟླུམ་སྤྱན་གསུམ་ཕྱོགས་བཅུར་གཟིགས།།

ལྗགས་ནི་གློག་བཞིན་རྐན་སྒྲ་འབྲུག་ལྟར་སྒྲོག།

རབ་དཀར་མཆེ་བ་སྡང་བའི་དགྲ་ལ་གཙིགས།།

ཁྲག་མདོག་རལ་པ་སྐུ་རྒྱབ་ཤིག་ཤིག་གཡོ།།

རྒྱབ་ཕུབ་འོད་འཁྱིལ་སྟག་དོང་གཟིག་ཤུབས་དང༌།།

དུག་རལ་འབར་བས་ཉམས་པའི་སྲོག་འཕྲོག་ཅིང༌།།

བྲ་ནག་རྟིང་དཀར་གོང་དུ་འགྱིང་བག་བཅས།།

ཁམས་གསུམ་དབང་སྡུད་སྟོང་གསུམ་ཡུད་ཀྱིས་བསྐོར།།

མངའ་གསོལ་མཆོད་པའི་མི་ནོར་སྲུང་སྐྱོབ་མཛོད།།

ཁྱེད་ནི་པདྨའི་ཕྲིན་ལས་ཕོ་ཉ་མཆོག།

ཁྱེད་ནི་ཆོས་རྗེའི་བཀའ་སྲུང་དམ་ཚིག་ཅན།།

ཁྱེད་ནི་རྣལ་འབྱོར་དགྲ་ལྷ་མཐུ་རྩལ་ཆེ།།

ཁྱེད་ནི་ས་བརྒྱད་དགེ་བསྙེན་སེམས་དཔའ་སྟེ།།

རྡོ་རྗེ་རྫིང་བཙན་འཁོར་ཚོགས་མ་ལུས་པས།།

དམ་རྫས་མཆོད་གཏོར་གཙང་མ་འདི་བཞེས་ལ།།

སྔོན་གྱི་ཁས་བླངས་དམ་ལས་མ་འདའ་བར།།

ཐུབ་བསྟན་སྤྱི་དང་འབྲོང་ངུར་རིག་འཛིན་པའི།།

བསྟན་པ་སྲུང་ཞིང་དེ་འཛིན་སྐུ་ཚེ་སྤེལ།།

ཁྱད་པར་བདག་ཅག་བཀའ་སྲུང་མཆོད་པ་པོས།།

ཐོས་བསམ་སྒོམ་སོགས་དགེ་ལ་བརྩོན་པ་ལ།།

བར་དུ་གཅོད་བྱེད་གཟུགས་ཅན་གཟུགས་མེད་རྣམས།།

མ་ཐོགས་མྱུར་དུ་སྒྲོལ་ཅིག་དགྲ་ལྷ་ཀྱེ།།

ཕྱི་ཡི་འཚེ་བ་ནང་གི་ནད་རིགས་དང༌།།

དགྲ་འདྲེའི་བསམ་ངན་ལ་སོགས་མི་མཐུན་ཕྱོགས།།

ཐམས་ཅད་ཞི་ནས་ཆོས་མཐུན་འཕེལ་བ་དང༌།།

དུས་ཀུན་སྲུང་སྐྱོབ་མ་གཡེལ་གྲོགས་མཛོད་ཅིག།

ཅེས་རྒྱལ་བ་འབྲོང་ངུར་པ་ཆེན་པོའི་ཐུན་མིན་བཀའ་སྲུང་རྡོ་རྗེ་རྫིང་བཙན་གྱི་འཕྲིན་བཅོལ་མདོར་བསྡུས་འདི་གུ་ཤྲིའ་འབྲོང་ངུར་ཆོས་རྗེ་ཡབ་སྲས་ཀྱི་འབངས་གྲལ་དུ་གཏོགས་པ་སྐལ་བཟང་འཕྲིན་ལས་ཀྱིས་སྤེལ་བས་བཀའ་སྲུང་དགྱེས་པའི་རྒྱུར་གྱུར་ཅིག་གུ། །།

 

 

 

 

623 total views, 1 views today