སྒོམ།

063-buddha-vector-imageང་ཚོ་ཚང་མས་ཆོས་ཉམས་ལེན་བྱེད་ཐུབ་ན་སྙམ་གྱི་ཡོད་ལ། སྒོམ་རྒྱག་འདོད་ཀྱི་འདུན་པའང་ཤུགས་ཆེན་པོ་ཡོད། ཡིན་ནའང་བྲེལ་ཟིང་ཆེ་བའི་མི་ཚེ་འདིའི་ནང་སྒོམ་རྒྱག་པ་དང་ཆོས་ཉམས་ལེན་བྱེད་པར་དུས་ཚོད་ཀྱི་ཁོམ་པ་མི་འདུག་ཟེར་གྱི་ཡོད། དོན་དངོས་ཐོག་ང་ཚོར་སྒོམ་རྒྱག་པ་དང་ཆོས་ཉམས་ལེན་བྱེད་པའི་དུས་ཁོམ་མེད་པ་ཡིན་ནམ།བདུན་ཕྲག་སྔ་མར་ང་རང་ལས་དོན་ཞིག་གི་ཆེད་དུ་སྤྱི་སྤྱོད་རླངས་འཁོར་བཞོན་ནས་མཻ་སུར་ལ་ཕྱིན། དེ་རྗེས་ཡང་ཉིན་འགའི་རྗེས་སུ་གླ་འཁོར་ཆུང་བ་ཞིག་བཞོན་ནས་ཡང་བསྐྱར་མཻ་སུར་ལ་འགྲོ་དགོས་བྱུང་། འདི་ལྟར་ང་ཚོའི་མི་ཚེའི་ཆ་ཤས་གང་འཚམས་ཤིག་ཕར་ཚུར་འགྲུལ་བཞུད་བྱས་ནས་རྫོགས་ཀྱི་ཡོད། རྣམ་གྲོལ་གླིང་ནས་མཻ་སུར་བར་སྤྱི་སྤྱོད་རླངས་འཁོར་ནང་སྤྱིའི་ཆ་ནས་ཆུ་ཚོད་གཉིས་དང་ཕྱེད་ཡས་མས་དང་། གླ་འཁོར་ནང་ཆུ་ཚོད་གཉིས་མ་ཟིན་ཙམ་འགོར་གྱི་ཡོད། རླངས་འཁོར་ནང་འགྲུལ་བཞུད་ཀྱི་སྐབས་དེར་ང་རང་གི་ལུས་ངག་ལ་དམིགས་བསལ་གྱི་བྲེལ་ཟིང་གང་ཡང་མི་འདུག དེས་ན་ལྷོད་ལྷོད་བྱས་ནས་བསམ་བློ་གཏོང་བའི་དུས་ཚོད་ཡག་ཤོས་ཤིག་རྙེད་པའི་སྣང་བ་ཤར་བྱུང་། ནམ་རྒྱུན་འདི་འདྲའི་ལྷོད་ལྷོད་བྱས་ནས་བསམ་བློ་གཏོང་བའི་གོ་སྐབས་ཞེ་དྲག་དཀོན་པོ་ཡིན།

སྐབས་དེར་ངས་ད་བར་སྦྱངས་པའི་ནང་ཆོས་ཀྱི་དོན་གྱི་སྙིང་པོ་དག་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་བའི་ཁུལ་བྱས། ནམ་ཞག་རྒྱུན་དུ་ང་རང་གིས་དོན་སྙིང་ཆེ་ཤོས་སུ་རྩི་ཞིང་དགའ་ཤོས་སུ་གྱུར་ལ་ང་རང་གིས་ཐུབ་པ་དེ་ནི། བྱམས་པ་དང་སྙིང་རྗེ་གཉིས་པོ་ཡིན། ཚིག་གཅིག་ཏུ་བསྡུས་ནས་བཤད་ན་བསམ་པ་བཟང་པོ་ཟེར་བ་དེ་ཡིན།

རླངས་འཁོར་ནང་འགྲུལ་བཞུད་ཀྱི་སྐབས་དེར་ངས་བསམ་པ་བཟང་པོའི་སྐོར་ལ་ཞིབ་ཚགས་པོའི་ཐོག་ནས་བསམ་བློ་ཡང་ཡང་གཏང་རྒྱུའི་གོ་སྐབས་དམིགས་བསལ་བ་ཞིག་བྱུང་། ངས་ད་བར་བསམ་པ་བཟང་པོ་ག་ཚོད་ཅིག་བྱས་འདུག་གམ། བྱམས་པ་དང་སྙིང་རྗེའི་བྲོ་བ་ག་ཚོད་ཅིག་མྱངས་འདུག་གམ། འདི་ནི་སྐབས་དེར་ངས་རང་གིས་རང་ལ་དྲིས་པའི་འདྲི་བ་ཆེ་ཤོས་ཤིག་ཡིན།

ད་བར་ངས་ལོ་མང་རིང་ནང་པའི་གཞུང་ཆེན་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སློབ་སྦྱོང་མཐར་ཕྱིན་པའི་ཁུལ་ཡིན་ཡང་། དོན་དངོས་ཐོག་བྱམས་སྙིང་རྗེ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་གཟུང་། དེ་འཚོ་བ་དངོས་ཀྱི་ཐོག་ཏུ་ཇི་ལྟར་ལག་ལེན་དུ་བསྟར་དགོས།

རང་སྒེར་གྱི་ཉིན་མ་རེ་རེའི་འཚོ་བ་དངོས་ཀྱི་ཁྲོད་དུ། གཞན་བསྟན་པ་དང་དགོན་པར་ཁ་ཡོད་ལག་ཡོད་འཛིན་སྐྱོང་གི་ཁྲོད་དུ་བསམ་པ་བཟང་པོ་འདིས་ནུས་ཤུགས་གང་འདྲ་ཞིག་འཐོན་མིན་སོགས་ལ་བསྐྱར་ཞིབ་ཡང་ནས་ཡང་དུ་བྱས།

རླངས་འཁོར་གྱི་འཁོར་ལོ་བཞི་པོ་རྒྱུན་ཆད་མེད་པར་མྱུར་དུ་འཁོར་བཞིན་པ་དང་ལྷན་དུ་ངའི་བསམ་བློའི་འཁོར་ལོའང་རྒྱུན་མ་ཆད་པར་འཁོར་བཞིན་ཡོད། གནད་དོན་དེ་དག་གི་གཏིང་ཟབ་ས་ལ་འཛུལ་ནས་བསམ་བློ་བཏང་། རྒྱ་ཡངས་ས་ནས་བསྐོར་ནས་བསམ་བློ་བཏང་། མདོར་ན། བྱམས་བརྩེ་དང་གཞན་ཕན་ལྷག་བསམ་སོགས་ལ་ཡང་ནས་ཡང་དུ་བསམ་བློ་བསྐོར། ལྷག་པར་དུ་མ་འོངས་པར་ངས་བྱམས་བརྩེ་བསམ་བཟང་གི་བྲོ་བ་དཔྱིས་ཕྱིན་པ་ཞིག་མྱོང་ཐུབ་ཐབས་ལ་ཇི་ལྟར་བྱ་དགོས་མིན་ཐད་ཞིབ་རྩིས་བརྒྱབ།

ཤོད་སྟངས་གཞན་ཞིག་བྱས་ན། ད་བར་ངའི་ཁ་འདི་བྱམས་བརྩེའི་ཁ་ཞིག་ཏུ་གྲུབ་ཟིན། ཡིན་ན་ཡང་། ངས་མནོ་བསམ་ཇི་ལྟར་བསྐོར་ཡང་། ངའི་ཁ་བྱམས་བརྩེ་ཡིན་པ་བཞིན་དུ། ངའི་ལག་བྱམས་བརྩེ་དང་། རྐང་བྱམས་བརྩེ། མིག་བྱམས་བརྩེ། རྣ་བྱམས་བརྩེ། གྲོད་བྱམས་བརྩེ། སྙིང་བྱམས་བརྩེ་ཞིག་ཏུ་གཏན་ནས་འགྱུར་མི་འདུག་སྟབས། བྱམས་བརྩེ་དང་བྲལ་བའི་སྙིང་གྲང་མོ་འདི་བྱམས་བརྩེས་ཚོས་པའི་སྙིང་གསོན་པོ་ཞིག་ཏུ་འགྱུར་བར་ཤོག་སྙམ་འདུན་པ་ཡང་ཡང་བསྐྱེད་པར་བྱས།

མདོ་དོན་སྙིང་པོ་ངས་བསམ་བློ་བཏང་བའི་གྲུབ་དོན་དུ། ང་རང་བྱམས་བརྩེ་ངོ་ཤེས་པ་ཙམ་ལས། བྱམས་བརྩེའི་བྲོ་བ་མ་མྱངས་པའི་མི་ཞིག་ཡིན་འདུག་པ་དང་། ནང་ཆོས་ཤེས་པ་ཙམ་ལས། ནང་ཆོས་ཀྱི་བྲོ་བ་མྱངས་མེད་པའི་ནང་པ་ཞིག་ཆགས་འདུག་པའི་ཚོར་སྣང་ཆེན་པོ་བྱུང་།

རླངས་འཁོར་ནང་མགོ་དང་རྒྱབ་གཉིས་རྐུབ་བཀྱག་ལ་བསྙེས། མིག་གིས་ཕྱིའི་ཡུལ་ལྗོངས་ལ་ལྟད་མོ་ལྟ་བཞིན་པའི་ངང་ནས། སེམས་ཀྱིས་བྱམས་བརྩེའི་སྐོར་ལ་བསམ་བློ་ཡང་ཡང་གཏོང་བ་དེ་ཉིད་ཀྱང་། བྱམས་བརྩེའི་སྒོམ་དང་བྱམས་བརྩེའི་སེམས་ཀྱི་ཉམས་ལེན་དུ་ངོས་འཛིན་བྱེད་ཆོག་པ་མ་ཟད།  ལྷག་པར་དུ་སྒོ་གསུམ་ལྷོད་ལྷོད་བྱས་ནས་སྒོམ་རྒྱག་སྟངས་ཤིག་ཀྱང་ཡིན། སྒོམ་རྒྱག་ཟེར་དུས་ངེས་པར་དུ་རྣམ་སྣང་ཆོས་བདུན་དུ་བཞུགས་དགོས་པའི་ངེས་པ་ཞིག་ག་ལ་ཡོད། མིག་ཟིམ་ཟིམ་དང་འབུར་འབུར་བྱེད་དགོས་པའི་ངེས་པ་ནི་དེ་བས་ཀྱང་མེད། སྒོམ་རྒྱག་སའི་གནས་ཡིན་ན་ལྷ་ཁང་དང་སྒོམ་ཁང་དེ་བཞིན་རི་ཁྲོད་སོགས་ཁོ་ན་ཡིན་པའི་ངེས་པའང་གཏན་ནས་མེད།

དོན་དངོས་ངོ་མ་བཤད་ན། ཟབ་ཅིང་རྒྱ་ཆེ་བའི་ཐོག་ནས་ནང་ཆོས་ཀྱི་སྙིང་པོ་རྣམས་ལ་བསམ་བློ་ཡང་ཡང་གཏོང་བ་དེ་ག་རང་ནང་ཆོས་སྒོམ་པ་ཡིན། བྱམས་བརྩེ་སྒོམ་ཟེར་དུས་བྱམས་བརྩེ་ལ་བསམ་བློ་གཏོང་བ་དེ་ལས་གཞན་བྱམས་བརྩེ་སྒོམ་སྟངས་ཤིག་སུས་ཀྱང་གསུངས་མེད།

རླངས་འཁོར་ནང་འགྲུལ་བཞུད་བྱེད་སྐབས་ལྷོད་ལྷོད་བྱས་ནས་བྱམས་བརྩེའི་བསམ་བློ་གཏོང་ཆོག་ལ། ཡར་མར་གོམ་པ་བརྒྱབ་ནས་འགྲོ་བཞིན་པའི་སྐབས་སུའང་བྱམས་བརྩེ་ལ་མནོ་བསམ་བཞེས་ཆོག མལ་ཁྲིའི་སྒང་ལ་རྐང་པ་གཉིས་བརྐྱངས་ལ་ལག་པ་གཉིས་ལྟག་འོག་ཏུ་བཅུག་ནས་ལྷོད་ཀྱིས་ངལ་གསོས་ནས་ཉལ་བཞིན་པའི་སྐབས་སུའང་བྱམས་བརྩེའི་སྐོར་ལ་བསམ་བློའི་གྲོས་ཚོགས་འཚོག་ཆོག མ་ཟད་ཁ་ལག་ཟ་བཞིན་པའི་སྐབས། ཆབ་ཆེན་གཏོང་བཞིན་པའི་སྐབས་སོགས་སུའང་དུས་ཚོད་ལ་བསྟུན་པའི་བྱམས་བརྩེའི་སྐོར་བསམ་བློ་གཏོང་བའི་གོ་སྐབས་ཡོད།

དེ་དག་ནི་བྲེལ་ཟིང་ཆེ་བའི་ང་ཚོའི་མི་ཚེའི་ནང་སྒོམ་རྒྱག་པའི་དུས་ཚོད་ཡག་ཤོས་དག་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། དེ་མིན་སྒོམ་རྒྱག་པའི་དུས་ཚོད་ཟེར་ནས་ལོགས་སུ་བཟོ་དགོས་ན། དོན་སྙིང་ལྡན་པའི་སྒོམ་ཞིག་དཀའ་མོ་ཡིན། དབང་པོའི་སྒོ་མོ་ཡོངས་སུ་བསྡམས་ནས་ཨུ་ཚུགས་ཀྱིས་ཙུག་ཙུག་དང་ཙོག་ཙོག་བྱས་ནས་ནང་ཆོས་སྒོམ་སྟངས་དེ་ཁོ་ནར་ཤི་འཐམ་རོ་འཐམ་མ་བྱས་པ་ཡིན་ན། ང་ཚོར་ནང་ཆོས་སྒོམ་པའི་དུས་ཚོད་མང་པོ་ཞིག་རྙེད་ཐུབ། ང་ཚོར་ཉིན་མ་རེ་རེའི་འཚོ་བ་དངོས་ཀྱི་ཁྲོད་ནང་ཆོས་སེམས་ཐོག་ནས་ཉམས་ལེན་བྱེད་པའི་དུས་ཁོམ་རང་བཞིན་གྱི་ཡོད་པ་ཡིན། སེམས་ཐོག་ནས་ནང་ཆོས་ཉམས་ལེན་རྣལ་མ་ཞིག་བྱུང་ན། ལུས་ངག་དེའི་རྗེས་འབྲང་ཡིན་པས་སེམས་ཁྲལ་གཏན་ནས་གནང་མི་དགོས།

ཡང་སྙིང་རླངས་འཁོར་ནང་ཆུ་ཚོད་གཉིས་ལྷག་འགྲུལ་བཞུད་བྱེད་པའི་ཆུ་ཚོད་གཉིས་པོ་ཆ་ཚང་བྱམས་བརྩེའི་སྐོར་བསམ་བློ་གཏོང་མ་ཐུབ་ཀྱང་། སྔ་ཕྱི་ཡར་མར་བསྡོམས་ནས་སྐབས་དེའི་སྐར་མ་སུམ་ཅུ་ཙམ་བྱམས་བརྩེའི་སྐོར་བསམ་བློ་བཏང་ཡོད། དེ་ལྟར་མ་བྱུང་ཡང་སྐར་མ་བཅུ་ཙམ་བྱུང་ནའང་ཡག་པོ་ཡིན།

སྐབས་དེར་ངའི་ཚོར་སྣང་ལ། ང་ཚོ་ལོ་ལྟར་སྨོན་ལམ་གྱི་ཆེད་དུ་རྡོ་རྗེ་གདན་དུ་མེ་འཁོར་དཀྱུས་མ་བཞོན་ནས་ཉིན་མཚན་གཉིས་གསུམ་འགྲོ་དགོས་ཀྱི་ཡོད། ལས་ཀ་ནི་དམིགས་བསལ་གང་ཡང་མེད། མི་ཡང་འདྲ་མི་འདྲ་ཐུག་ཀྱི་ཡོད། སྐབས་དེ་ནི་བྱམས་བརྩེ་ཙམ་མིན་པར་སྤྱི་ཡོངས་ནས་ནང་ཆོས་སྒོམ་པའི་དུས་ཚོད་ཡག་ཤོས་རེད་འདུག་དྲན་བྱུང་།

དེ་ཡང་རྒྱ་གར་རང་དབང་ལུང་པའི་མེ་འཁོར་ནང་འཁོར་བའི་ལྟད་མོ་རྒྱ་མི་ཆུང་བ་ཞིག་དུས་རྒྱུན་དུ་མཐོང་རྒྱུ་ཡོད། མཁར་བ་ལ་བརྟེན་ཀྱང་ལང་ཐུབ་ལ་མ་ཐུབ་ཀྱི་རྒན་པོ་དང་རྒན་མོ། ནད་གཅོང་གིས་མནར་བའི་སྐམ་ཞིང་རིད་པའི་ནད་པ་དང་ནད་གཡོག ལང་ཚོའི་ཁོ་ལག་ཡོངས་སུ་རྒྱས་ཤིང་རྒྱན་དང་ཆ་ལུགས་སྣ་ཚོགས་པས་མཛེས་པར་སྤྲས་པའི་ཕོ་གཞོན་དང་མོ་གཞོན། ལག་པ་དང་མིག་གཉིས་དེབ་དང་བྲལ་མེད་དུ་བཞུགས་པའི་མཁས་པ་དང་མཁས་མ། མེ་འཁོར་ནང་རང་གི་རྐུབ་སྟེགས་ཀྱི་ཨང་གྲངས་ཙམ་ཡང་འཚོལ་མི་ཤེས་པའི་བླུན་པོ་དང་བླུན་མོ། རྐང་ཆད་དང་ལག་རྡུམ་དུ་སོང་ཞིང་ཉིན་རེའི་གྲོད་ཁོག་སྐམ་པོ་དེ་ཡང་འགེང་ཐུབ་པའི་ངེས་པ་མེད་པའི་སློང་མོ་བ་སྤྲང་པོ་དང་སྤྲང་མོ། ང་ཚོའི་གཞུང་ལུགས་ནང་བཤད་པ་ཙམ་ལས་ནམ་རྒྱུན་མཐོང་དཀོན་པའི་མ་ནིང་གི་རིགས་ཀྱང་ཡང་ཡང་མཐོང་ཐུབ་ལ། ངོ་ཚ་དང་ཁྲེལ་གཞུང་མེད་པའི་སྒོ་ནས་ཁོང་ཚོས་སློང་མོ་རྒྱག་སྟངས་ཡ་མཚན་པ་དེ་ཚོའང་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་འགྱུར་གྱི་ཡོད། དེ་དང་དེ་ལ་སོགས་པའི་འཁོར་བའི་གློག་བརྙན་གསོན་པོ་སྣ་ཚོགས་པ་ཞིག་བལྟ་རུ་ཡོད། དམག་མི་འདྲ་ཞིག་ཡིན་ན་དམག་ས་ལ་སླེབ་པ་དང་མཚུངས། ང་ཚོ་ཆོས་ཀྱི་སློབ་སྦྱོང་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། ནང་ཆོས་ཀྱི་གཡུལ་ས་ཆུང་ཆུང་ཞིག་ཏུ་སླེབས་པ་ཡིན།

དགོན་པ་དང་རི་ཁྲོད་དེ་བཞིན་རང་ཤག་གྲུ་བཞིར་བསྡད་ནས་ནང་ཆོས་ཉམས་ལེན་བྱེད་ནང་ཆོས་ཀྱི་སྒོམ་བརྒྱབ་ཟེར་ན་འབྲས་མིང་རྒྱུ་ལ་བཏགས་པ་ཙམ་ཡིན། དེ་དག་ནི་ནང་ཆོས་ཉམས་ལེན་དང་སྒོམ་རྒྱག་པའི་སྟ་གོན་ཙམ་དང་སྦྱོང་བརྡར་ཙམ་ལོས་ཡིན། དམག་མིས་དམག་སྒར་དུ་དམག་སྦྱོང་བྱེད་པ་བཞིན་རེད།

དེ་ལྟར་མནོ་བསམ་ཞིབ་ཏུ་བཏང་ན། ང་ཚོར་སྒོམ་རྒྱག་པ་དང་ཉམས་ལེན་བྱེད་པའི་དུས་ཚོད་མེད་པ་མ་ཡིན་པའི་ངོས་འཛིན་བྱུང་ལ། རླངས་འཁོར་དང་མེ་འཁོར་སོགས་ཀྱི་ནང་འགྲུལ་བཞུད་ཀྱི་དུས་སྐབས་དེ་དག་ནི། སྒོམ་རྒྱག་པའི་དུས་ཚོད་ཡག་ཤོས་ཤིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། ཐུགས་རྗེ་ཆེ།

འབྲོང་ངུར་ཆོས་རྗེ་མཚོ་བྱུང་དགྱེས་པའི་དབང་པོས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དགེ་རྒན་ལས་ཤག་ཏུ། སྤྱི་ལོ་ ༢༠༡༤ ཟླ་  ༠༧ ཚེས་ ༢༡ ཉིན། ཀློག་པ་པོ་རྣམས་ཀྱི་དཔྱད་གཞིར་དམིགས་ཏེ། དངོས་བྱུང་གནས་ཚུལ་ཡི་གེའི་གཟུགས་སུ་ཕབ་པ་དགེའོ།།

1,339 total views, 1 views today